དམ་དྲག་ཡོད་བཞིན་དུ་རྒྱ་ནག་གཞུང་གིས་བོད་དང་ཤིན་ཅང་སོགས་ཀྱི་དངོས་ཡོད་གནས་སྟངས་རྟོག་ཞིབ་ཆེད་ཕེབས་ན་དགའ་བསུ་ཡོད་ཚུལ་བཤད་འདུག

2023.03.03
དམ་དྲག་ཡོད་བཞིན་དུ་རྒྱ་ནག་གཞུང་གིས་བོད་དང་ཤིན་ཅང་སོགས་ཀྱི་དངོས་ཡོད་གནས་སྟངས་རྟོག་ཞིབ་ཆེད་ཕེབས་ན་དགའ་བསུ་ཡོད་ཚུལ་བཤད་འདུག རྒྱ་ནག་གི་ཕྱི་སྲིད་བློན་ཆེན་(Qin Gang)་གིས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཚོགས་ཐོག་གཏམ་བཤད་སྐབས། ༠༢།༢༧།༢༠༢༣
AP

རྒྱ་ནག་གཞུང་གིས་ཕྱི་རྒྱལ་བ་རྣམས་བོད་དང་ཤིན་ཅང་གཙོས་ས་གནས་ཁག་གི་དངོས་ཡོད་གནས་སྟངས་ཤེས་རྟོགས་ཆེད་རྒྱ་ནག་ནང་རྟོག་ཞིབ་ཡོང་རྒྱུར་དགའ་བསུ་ཡོད་བཤད་འདུག་ཀྱང་། དོན་དངོས་སུ་བོད་དང་ཤིན་ཅང་ནང་ཕྱི་རྒྱལ་བ་དང་གསར་འགོད་པ་དངོས་སུ་བསྐྱོད་རྒྱུར་དྲག་ནན་མོ་བྱེད་བཞིན་ཡོད་པ་རེད།
དེ་ཡང་(South China Morning Post)་འམ་ལྷོ་རྒྱ་ནག་གི་སྔ་དྲོའི་ཕོ་ཉ་ཟེར་བའི་གསར་ཤོག་གིས་གནས་ཚུལ་སྤེལ་བའི་ནང་། རྒྱ་ནག་གི་ཕྱི་སྲིད་བློན་ཆེན་(Qin Gang)་གིས་གཟའ་འཁོར་འདིར་བཤད་དོན། རྒྱལ་ཁབ་གཞན་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་ལ་གཏམ་བཤད་དང་སྐྱོན་འཛུགས་བྱེད་པའི་ཐོབ་ཐང་རྒྱལ་ཁབ་སུ་ལ་མེད་པའི་སྐོར་བཤད་ཡོད་ཅིང་། དེ་ནི་(Qin Gang)་གིས་རེས་གཟའ་ཟླ་བའི་ཉིན་སུད་སི་གྲོང་ཁྱེར་(Geneva)་ནང་ཚོགས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཚོགས་ཐོག་གཏམ་བཤད་བྱས་ཏེ། འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་ཆེད་དུ་མིག་དཔེ་འོས་པ་སུ་གཅིག་མེད་པ་དང་། འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་ཀྱི་འགྲོ་ལམ་འདེམས་པའི་ཐོབ་ཐང་རྒྱལ་ཁབ་ཚང་མ་སོ་སོར་ཡོད་པ་གནས་ཚུལ་ཁ་གསལ་པོ་རེད་ཅེས་དང་། བོད་དང་ཤིན་ཅང་བཅས་དང་འབྲེལ་བའི་གནད་དོན་ཐད་ཕྱི་རྒྱལ་བ་ཚོས་རྙོག་དྲ་བཟོ་བ་དང་སྐྱོན་འཛུགས་བྱེད་བཞིན་པའི་ཐོག་ནས་རྒྱ་ནག་ལ་མ་ཉེས་ཁ་གཡོག་བྱས་པ་དང་། རྒྱ་ནག་གི་ཡར་རྒྱས་ལ་འགོག་རྐྱེན་བཟོ་བཞིན་ཡོད་པའི་སྐྱོན་བརྗོད་བྱས་པ་དང་ཆབས་ཅིག རྒྱ་ནག་གཞུང་གིས་འཛམ་གླིང་ནང་གི་དྲང་བདེན་ཅན་གྱི་ཕྱི་རྒྱལ་པ་རྣམས་རྒྱ་ནག་ཏུ་འཚམས་གཟིགས་སུ་ཡོང་བ་དང་། དངོས་ཡོད་གནས་ཚུལ་ཤེས་རྟོགས་ཆེད་ས་གནས་སུ་ཕེབས་རྒྱུར་དགའ་བསུ་ཡོད། འོན་ཀྱང་གནད་དོན་དེའི་གོ་དོན་ནི། དྲང་བདེན་གྱི་བསམ་བློ་ལྡན་པའི་ཕྱི་རྒྱལ་བ་འདོད་བློ་ཡོིད་མཁན་ཚོར་དགའ་བསུ་ཡོད་པ་མ་ཟད། འགྲོ་བསྐྱོད་ཀྱི་དཀའ་ངལ་ཡོད་སར་དྲང་བདེན་ཅན་དེ་རྣམས་འགྲོ་བསྐྱོད་ཐུབ་རྒྱུར་རྒྱ་ནག་གཞུང་གིས་གོ་སྒྲིག་བྱ་རྒྱུ་ཡིན་པའི་སྐོར་བཤད་ཡོད་པ་རེད།
འོན་ཀྱང་དོན་དངོས་བོད་དང་ཤིན་ཅང་ནང་ཕྱི་རྒྱལ་བ་དང་གསར་འགོད་པ་དངོས་སུ་བསྐྱོད་པའམ་གནས་ཚུལ་རྟོག་ཞིབ་བྱེད་རྒྱུ་ལས་སླ་པོ་མེད་ཅིང་། གལ་ཏེ། རྒྱ་ནག་གི་འབྲེལ་ཡོད་ལས་ཁང་དང་རྒྱ་ནག་ཕྱི་སྲིད་ལས་ཁུངས་ནས་ཆེད་དུ་གཞུང་འབྲེལ་གྱི་གསར་འགོད་པ་གོ་སྒྲིག་བྱས་པའམ། ཡང་ན་རྒྱ་གཞུང་གིས་དམིགས་བསལ་གྱི་ཆོག་མཆན་ཐོབ་པ་རྣམས་ཕུད་དེ་མིན་གྱི་ཕྱི་རྒྱལ་གསར་འགོད་པའི་ཐོག་རྒྱ་གཞུང་གིས་ཚད་བཀག་མུ་མཐུད་གནས་ཡོད་པ་རེད།
དཔེར་ན། ན་ནིང་ཕྱི་རྒྱལ་གསར་འགོད་པས་བོད་ནས་གནས་ཚུལ་མཁོ་སྒྲུབ་བྱ་རྒྱུའི་སྙན་ཞུ་རྒྱག་མཁན་ཚང་མ་རྒྱ་ནག་གཞུང་གིས་ཆོག་མཆན་སྤྲད་མེད་པའི་སྐོར་ཕྱི་རྒྱལ་གསར་འགོད་པའི་མཐུན་ཚོགས་ཀྱི་རྒྱ་ནག་གི་ལོ་འཁོར་གསར་འགོད་པའི་གནས་ཚུལ་མཁོ་སྒྲུབ་རང་དབང་གི་གནས་སྟངས་ཐོག་བཏོན་པའི་སྙན་ཐོའི་ནང་ཐེར་འདོན་བྱས་ཡོད།
དེ་བཞིན་ཤིན་ཅང་ནང་ལའང་ཕྱི་རྒྱལ་གསར་འགོད་པ་འགྲོ་བསྐྱོད་ལ་དམ་དྲག་བཀག་བསྡོམ་གཅིག་མཚུངས་ཡོད་མུས་ཐོག ན་ནིང་ཏོག་དབྱིབས་རིམས་ནད་ཁྱབ་པའི་རྐྱེན་གྱིས་རྒྱ་ནག་གཞུང་གིས་ཤིང་ཅང་གི་ས་ཁུལ་མང་ཆེ་བར་བཀག་རྒྱ་བསྡམས་ཡོད་པའི་སྐོར་༢༠༢༡ལོར་ཤིན་ཅང་དུ་བསྐྱོད་ཐུབ་མཁན་ཚོས་གནས་ཚུལ་གསུངས་ཡོད། འོན་ཀྱང་ཁོང་ཚོ་ཤིན་ཅང་དུ་བསྐྱོད་པའི་རྗེས། རྒྱ་ནག་གཞུང་གིས་འདྲི་རྩད་བྱས་པ་དང་། ལྟ་རྟོགས་བྱས་པ། སུན་གཙེར་བཟོས་པ་མ་ཟད། ཁོང་ཚོས་རྒྱབ་པའི་འདྲ་པར་དང་བརྙན་ཐུང་རྣམས་བསུབ་བཅུག་པའི་གནས་ཚུལ་བྱུང་ཡོད་པའི་སྐོར་གོང་གསལ་ལྷོ་རྒྱ་ནག་གི་ཕོ་ཉ་ཟེར་བའི་གསར་ཤོག་ཐོག་གནས་ཚུལ་བཀོད་འདུག
གཞན་རྒྱ་ནག་ནང་གི་ཕྱི་རྒྱལ་གསར་འགོད་པ་ཚོ་གཞུང་གིས་བཀག་སྡོམ་དང་། ཕྱིར་ཕུད། དེ་བཞིན་མཐོང་མཆན་(Visa)་དུས་ཐོག་མ་སྤྲད་བ་སོགས་ཀྱི་དཀའ་ངལ་འདྲ་མིན་འཕྲད་བཞིན་ཡོད་པ་རྒྱ་ནག་ནང་གི་ཕྱི་རྒྱལ་གསར་འགོད་པའི་མཐུན་ཕྱོགས་ཀྱིས་གསར་འགོད་པའི་ལས་དོན་གནས་སྟངས་སྐོར་ཀྱི་ལོ་འཁོར་དཔྱད་ཞིབ་སྙན་ཐོའི་ནང་གསལ་འདུག


གསར་འགོད་པ། གཡུ་སྒྲོན། གུ་རུ་ཆོས་སྐྱིད།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
དཔལ་ས་སྐྱ་༧གོང་མ་ཁྲི་ཆེན་མཆོག་དང་འབྲུག་གི་རྒྱལ་བོ་དང་། བཙུན་མོ་རྣམ་གཉིས་མཇལ་འཕྲད་གནང་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ལོ་ངོ་བརྒྱ་ལྷག་གི་ལོ་རྒྱུས་ལྡན་པའི་ཨ་ཚོགས་དགོན་གྱི་རིག་དངོས་རྩིས་མེད་ཀྱིས་གནས་སྤོར་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎