རྒྱ་ནག་གི་(TikTok)་སྤྱི་ཚོགས་དྲྭ་རྒྱའི་མཉེན་ཆས་ཨ་རིའི་ཕྱུག་བདག་(Elon Musk)་ལ་བཙོང་རྒྱུའི་གཞི་རིམ་གྲོས་མོལ་བྱེད་བཞིན་ཡོད་འདུག

དེ་ཡང་(Bloomberg)་སོགས་གསར་ལས་ཁང་ཁག་ཅིག་གིས་གནས་ཚུལ་སྤེལ་དོན་ལྟར་ན། གལ་ཏེ་རྒྱ་ནག་གི་(ByteDance)་ཞེས་པའི་ཁེ་གཉེར་ལས་ཁང་གིས་རང་གི་ཆ་ཤས་ཡིན་པའི་(TikTok)སྤྱི་ཚོགས་དྲྭ་རྒྱའི་མཉེན་ཆས་དེ་གཞན་ལ་མ་བཙོང་ཚེ་ཨ་རིའི་ནང་བཀག་སྡོམ་བྱ་རྒྱུ་ཡིན་པ་གཡོལ་ཐབས་སུ། ཨ་རིའི་ཕྱུག་བདག་འབྱོར་ལྡན་པ་(Elon Musk)་ལ་བཙོང་རྒྱུའི་གཞི་རིམ་སྐད་ཆ་བཤོད་རྒྱུ་འགོ་བཙུགས་ཡོད་ན་ཡང་(TikTok) རྩ་བའི་ཆ་ནས་རྒྱ་ནག་གི་(ByteDance)་ཞེས་པའི་ཁེ་གཉེར་ཁང་ཨ་མའི་སྟངས་འཛིན་དོ་དམ་འོག་རང་འཇགས་གནས་སུ་འཇུག་འདོད་ཡོད་པ་གནས་ཚུལ་ཁག་ལུང་འདྲེན་བྱས་འདུག
ལོ་སྔོན་མའི་སྤྱི་ཟླ་༤་ཚེས་༡༣་ཉིན་རྒྱ་ནག་གི་འཁྱུག་དབྱངས་(TikTok)་ཞེས་བའི་སྤྱི་ཚོགས་དྲྭ་ལམ་གྱི་མཉེན་ཆས་ཨ་རིའི་ནང་བཀག་སྡོམ་བྱེད་རྒྱུའི་ཁྲིམས་འཆར་ལ་ཨ་རིའི་གྲོས་ཚོགས་འོག་མའི་ནང་རྒྱབ་སྐྱོར་ཐོབ་ཡོད།
ཨ་རིའི་ཕྱུག་བདག་(Elon Musk)་ནི་(X)་ཞེས་པའི་སྤྱི་ཚོགས་དྲྭ་རྒྱའི་སྦྱིན་བདག་ཀྱང་ཡིན་སྟབས། ཁོང་གིས་སྡིངས་ཆ་འདིའི་འོག་ཨ་རིའི་ནང་(Tik Tok)་དང་(X)་སྤྱི་ཚོགས་དྲྭ་རྒྱ་གཉིས་ཀའི་ཚོང་ལས་མཉམ་དུ་གཉེར་སྲིད་པ་ཡིན་རུང་། ད་ལྟའི་ཆར་དེའི་ཐོག་གཞུང་འབྲེལ་དཔོན་རིགས་ཚོས་དེའི་བརྒྱུད་རིམ་ཐད་མོས་མཐུན་བྱུང་མི་འདུག
དེའི་ཐད་གསར་ཁང་དེས་(Tik Tok)་ཁེ་ལས་ཁང་གི་མགྲིན་ཚབ་པ་ཞིག་ལ་སྐད་ཆ་དྲིས་སྐབས། ལན་འདེབས་ཁ་གསལ་བྱས་མི་འདུག
རྒྱ་ནག་གི་(Byte Dance)་ཞེས་པའི་ཁེ་གཉེར་ལས་ཁང་དེས་གོང་ཞུས་གྲོས་བསྡུར་བྱེད་མུས་སམ་ཡང་ན་དེའི་ནང་(Elon Musk)་ལ་ཚོང་བསྒྱུར་བྱ་སྲིད་མིན་སོགས་གནས་ཚུལ་གསལ་ཁ་བཏོན་མི་འདུག
དེའི་ཐད་(Elon Musk)་དང་། སྤྱི་ཚོགས་དྲ་རྒྱ་(X) དེ་བཞིན་རྒྱ་ནག་གཞུང་གི་དྲ་རྒྱའི་ལས་དོན་ཁང་། རྒྱ་ནག་གཞུང་གི་ཚོང་འབྲེལ་ལས་ཁང་བཅས་ལ་སྐད་ཆ་དྲིས་ཀྱང་འཕྲལ་དུ་ལན་འདེབས་གང་ཡང་བྱས་མི་འདུག
བདུན་ཕྲག་སྔོན་མའི་ནང་ཨ་རིའི་ཆེས་མཐོའི་ཁྲིམས་ཁང་གིས་གལ་ཏེ་(Tik Tok)་དེ་བཞིན་ཨ་རིའི་ཚོང་ལས་ཁང་ཞིག་ལ་མ་བཙོང་ཚེ་ཨ་རིའི་བདེ་འཇག་སྲུང་སྐྱོབ་ལ་སེམས་ཚབས་ཡོད་པས་ཨ་རིའི་ཁྲིམས་ཐོག་ནས་དེ་བཀག་སྡོམ་བྱ་རྒྱུའི་ཁྲིམས་གཞི་ལག་བསྟར་བྱ་རྒྱུའི་སྔོན་བརྡ་བཏང་ཡོད་པ་རེད།
མཉེན་ཆས་(Tik Tok)་ནི་རྒྱ་ནག་གིས་བཟོས་བའི་རྒྱལ་སྤྱིའི་ནང་ཁ་གཏད་པའི་མ་ལག་ཡིན་པ་དང་། བོད་ནང་དང་རྒྱ་ནག་ནང་དར་ཁྱབ་ཆེ་ལ་བཀོལ་སྤྱོད་ཤུགས་ཆེན་བྱེད་བཞིན་ཡོད་པ་འཁྱུག་དབྱངས་(Douying 抖音)་རྒྱ་ནག་རྒྱལ་ནང་ལ་ཁ་གཏད་རང་བཞིན་གྱི་མཉེན་ཆས་མ་ལག་ཞིག་ཡིན་པ་རེད།
གསར་འགོད་པ། སེང་གེ་རི་བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། བསྟན་འཛིན་བདེ་སྐྱིད།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།