རྫ་ཆུའི་ཐོག་རྒྱལ་ཁབ་གསུམ་གྱི་མྱུལ་ཞིབ་ལས་དོན་གྱི་འཆར་གཞི།

རྫ་ཆུའི་ཐོག་མྱུལ་ཞིབ་ཀྱི་ལས་དོན་འགོ་འཛུགས་བྱ་འཆར་དེ་ནི་རྒྱ་མིའི་གྲུ་པ་༡༣རྐྱེན་འདས་སུ་གཏོང་ཡུལ་གྱི་མཚོ་ལམ་སྐྱེལ་འདྲེན་གཙོ་བོ་རེད།

2011.11.27

༄༅༎ཕྱི་ཟླ་༡༢ པའི་ནང་རྒྱ་ནག་དང་རྒྱལ་ཁབ་གསུམ་མཉམ་འབྲེལ་གྱིས་རྫ་ཆུའི་ཐོག་མྱུལ་ཞིབ་ཀྱི་ལས་དོན་འགོ་འཛུགས་བྱ་རྒྱུའི་འཆར་གཞི་ཡོད་པ་དང༌། དེ་ནི་ཉེ་ཆར་ཕྱི་ཟླ་བཅུ་པའི་ནང་རྒྱ་མིའི་གྲུ་པ་༡༣ རྐྱེན་འདས་སུ་གཏོང་ཡུལ་གྱི་མཚོ་ལམ་སྐྱེལ་འདྲེན་གཙོ་བོ་དེ་ཡིན་པའི་སྐོར་བཀོད་ཡོད་པ་རེད།
དེ་རིང་ཕེ་རན་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། རྒྱ་ནག་གཞུང་འབྲེལ་གསར་འགྱུར་བརྒྱུད་ལམ་ཐོག་རེས་གཟའ་སྤེན་པའི་ཉིན་གནས་ཚུལ་སྤེལ་བའི་ནང༌། མྱུལ་ཞིབ་ཀྱི་བྱེད་སྒོ་དེའི་ཐོག་དྲས་ཆས་གོ་མཚོན་འཁྱེར་རྒྱུ་དང༌། བྱེད་སྒོ་དེ་ཕྱི་ཟླ་༡༢ པའི་ཚེས་༡༥ ཉིན་འགོ་བཙུགས་རྒྱུའི་དུས་ཚོད་སོགས་གསལ་བསྒྲགས་བྱས་ཡོད་པའི་གནས་ཚུལ་ལུང་འདྲེན་གནང་བྱས་ཡོད་པ་རེད། རྒྱ་ནག་གི་སྤྱི་ཚོགས་བདེ་འཇགས་བློན་ཆེན་དང༌། རྒྱ་ནག་གི་ཁྱིམ་མཚེས་རྒྱལ་ཁབ་ལའོ་སེ་དང་འབར་མ། ཐའེ་ལེནདྲ་རྒྱལ་ཁབ་གསུམ་གྱི་དཔོན་རིགས་གྲོས་མོལ་བྱས་པའི་རྗེས། རྒྱ་ནག་གི་ཉེན་རྟོག་པ་དང་གོང་གསལ་རྒྱལ་ཁབ་གསུམ་གྱི་དམག་དཔུང་ཟུང་འབྲེལ་གྱིས་མྱུལ་ཞིབ་ཀྱི་བྱེད་སྒོ་སྤེལ་ཏེ་མཚོ་ཐོག་སྐྱེལ་འདྲེན་ལས་དོན་བསྐྱར་གསོ་རྒྱུ་དང༌། བདེ་འཇགས་ཀྱི་འགན་ལེན་སྐྲུན་ཐབས་བྱ་རྒྱུ་ཡིན་ཞིང༌། ཉེ་ཆར་ཕྱི་ཟླ་བཅུ་པའི་ཚེས་ལྔ་ཉིན་རྫ་ཆུའི་ཐོག་དངོས་ཟོག་སྐྱེལ་འདྲེན་བྱེད་མཁན་རྒྱ་མིའི་གྲུ་འཛིངས་ཐོག་རྒོལ་རྡུང་བཏང་སྟེ་གྲུ་པ་རྐྱེན་འདས་སུ་ཕྱིན་པའི་དོན་རྐྱེན་བྱུང་བ་དང༌། ཐའེ་ལེནདྲ་གྱི་ཉེན་རྟོག་པས་རྒྱ་མིའི་གྲུ་པ་བསད་པའི་དོན་རྐྱེན་ནང་ཐེ་ཇུས་ཡོད་པའི་དོགས་གཞི་ཅན་གྱི་དམག་མི་དགུ་འཇུ་བཟུང་བྱས་ཡོད་པ་རེད། རྫ་ཆུ་དེ་ནི། རྒྱ་ནག་གི་ལྷོ་ནུབ་ཡུན་ནན་ཞིང་ཆེན་བརྒྱུད་ལྷོ་ཤར་ཨེ་ཤེ་ཡའི་ཁུལ་དུ་རྒྱུགས་བཞིན་ཡོད་པ་དང༌། གཙང་ཆུ་དེ་ཡིས་ཀམ་སྦོ་ཌི་ཡ་དང་ལྦིཏ་ནམ་སོགས་རྒྱལ་ཁབ་ཁག་ཅིག་གི་ཚོང་ཟོག་སྐྱེལ་འདྲེན་གྱི་འགྲོ་ལམ་གཙོ་བོ་ཞིག་ཡིན་ཞིང༌། རྒྱ་ནག་ཕྱོགས་ནས། ཉེ་ཆར་ཕྱི་ཟླ་བཅུ་པའི་ནང་གཙང་ཆུ་དེའི་ཐོག་རྒྱ་མིའི་སྐྱེལ་འདྲེན་གྲུ་འཛིངས་ཐོག་རྒོལ་རྡུང་བཏང་བའི་དོན་རྐྱེན་ལ་ཁོང་ཁྲོ་ཆེན་པོས་ཐའེ་ལེནདྲ་དང་ལའོ་སེ་ འབར་མ་བཅས་ཀྱི་ཕྱི་འབྲེལ་སྐུ་ཚབ་འབོད་བཀུག་བྱས་པ་མ་ཟད། རྒྱལ་ཁབ་དེ་དག་གི་དཔོན་རིགས་ནས་དོན་རྐྱེན་དེའི་ཐད་ལ་རྩོད་གཅོད་བྱ་དགོས་པའི་གནོན་ཤུགས་སྤྲོད་བཞིན་ཡོད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བྷེལ་ཇམ་གྱི་མི་སེར་ཡིན་པ་བོད་མི་ཞིག་བོད་ལ་གཉེན་འཕྲད་དུ་བསྐྱོད་སྐབས་ཧྲང་ཧེ་གནམ་ཐང་ནས་ཕྱིར་སློག་བྱས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཆོས་རིག་དྲུང་ཆེ་འཆི་མེད་ཚེ་དབྱངས་ལགས་དགུང་གྲངས་༥༢ཐོག་འདས་གྲོངས་སུ་ཕྱིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎