རྒྱ་ནག་གིས་ཡུ་གུར་བ་སློབ་དཔོན་Tohtiལ་ཁྲིམས་གཅོད།

རྒྱ་ནག་གཞུང་གིས་ཁོང་གི་ཐོག་ལ་བཙུགས་པའི་ཁ་བྲལ་ནག་ཉེས་དེ་ཚོར་ཁོང་གིས་མཐའ་ཅིག་ཏུ་ངོས་ལེན་གནང་གི་མེད་པ་རེད།
རྒྱ་ནག་གཞུང་གིས་གྲངས་ཉུང་མི་རིགས་ཁོངས་ནས་ཡུ་གུར་གྱི་སློབ་དཔོན་Ilham Tohtiལ་རྒྱལ་ཁབ་ཁ་བྲལ་གཏོང་བའི་ཉེས་བཙུགས་ཐད། དེ་རིང་ཁྲིམས་གཅོིད་བྱེད་ཡག་འགོ་བཙུགས་ཡོད་པ་རེད། ཡིན་ནའང་རྒྱ་ནག་གི་སྲིད་བྱུས་དེ་ཡིས་ཤིན་ཅང་ནང་གི་གནས་སྟངས་ཞི་འཇམ་དུ་འགྲོ་རྒྱུའི་ཚབ་ཏུ་གནས་སྟངས་ཛ་དྲག་ཏུ་འགྲོ་གི་རེད་ཅེས་རྒྱ་ནག་གཞུང་ལ་སྐྱོན་བརྗོད་བྱེད་མཁན་ཚོས་ཉེན་བརྡ་བཏང་ཡོད་པ་རེད། ཡུ་གུར་གྱི་སློབ་དཔོན་Ilham Tohtiནི་རྒྱ་ནག་གི་རྒྱལ་ས་པེ་ཅིང་ནང་གི་གཙུག་ལག་སློབ་གྲའི་དཔལ་འབྱོར་རིག་གནས་སྡེ་ཚན་གྱི་སློབ་དཔོན་ཡིན་པ་དང་། རྒྱ་ནག་གཞུང་གིས་ཁོང་གི་ཐོག་ལ་བཙུགས་པའི་ཁ་བྲལ་ནག་ཉེས་དེ་ཚོར་ཁོང་གིས་མཐའ་ཅིག་ཏུ་ངོས་ལེན་གནང་གི་མེད་པ་རེད། འོན་ཀྱང་གལ་ཏེ་ཁོང་གི་ཐོག་ལ་བཙུགས་པའི་ནག་ཉེས་ཐད། ཤིན་ཅང་གི་རྒྱལ་ས་Urumqiནང་གི་རྒྱ་ནག་གི་ཁྲིམས་ཁང་གིས་ནག་ཉེས་ཁུངས་སྐྱེལ་བྱས་པ་ཡིན་ན་Ilham Tohtiལ་ཚེ་བཙོན་གྱི་ཉེས་པ་ཕོག་སྲིད་པ་རེད། ཡིན་ནའང་ཁོང་གི་ཁྲིམས་རྩོད་པ་Li Fangpin གྱིས་བརྗོད་དོན་ལྟར་ན། ཡུ་གུར་གྱི་སློབ་དཔོན་Ilham Tohtiཡིས་རྒྱ་ནག་ཁ་བྲལ་གཏོང་ཐབས་བརྩམས་པའི་ཁུངས་སྐྱེལ་ར་འཕྲོད་གང་ཡང་མཐོང་རྒྱུ་མི་འདུག་ཅེས་ཁྲིམས་ཁང་གི་ཕྱི་ལ་འཛོམས་པའི་གསར་འགོད་པ་ཚོར་བརྗོད་འདུག རྒྱ་ནག་གཞུང་གིས་གྲངས་ཉུང་མི་རིགས་ཁོངས་ནས་ཡུ་གུར་གྱི་སློབ་དཔོན་ Ilham Tohtiཐོག་ལ་རྒྱལ་ཁབ་ཁ་བྲལ་བཏང་བའི་ནག་ཉེས་བཙུགས་པའི་ཐད། ཨ་མི་རི་ཀ་དང་། ཡོ་རོབ་སྤྱི་མཐུན། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་ཅན་གྱི་སྒྲིག་འཛུགས་མང་པོས་ཁོང་གློད་འགྲོལ་གཏོང་དགོས་ཞེས་རྒྱ་ནག་གཞུང་ལ་འབོད་སྐུལ་ཞུས་དང་ཞུ་མུས་ཡིན་པ་རེད།
ཡུ་གུར་གྱི་སློབ་དཔོན་ Ilham Tohtiཡིས་ཡུ་གུར་གྱི་ཁ་ཆེའི་གྲངས་ཉུང་མི་རིགས་ཀྱི་རང་དབང་ཐད་རྒྱ་ནག་གཞུང་གིས་འཛིན་པའི་སྲིད་བྱུས་ལ་སྐྱོན་བརྗོད་གནང་བ་ལས་རྒྱ་ནག་ཁ་བྲལ་གཏོང་རྒྱུའི་ལས་འགུལ་བརྩམས་མེད་ལུགས་ཁོང་གིས་ཁུངས་སྐྱེལ་གནང་གི་ཡོད་པ་རེད།

གསར་འགོད་པ་འབེན་པ་སྟོབས་རྒྱལ།

འབྲེལ་ཡོད་གནས་ཚུལ་གཤམ་ལ་ཆོས་སྐྱིད་ལགས་ཀྱིས་ཕྱོགས་སྒྲིག་དང་སྙན་སྒྲོན་ཞུས་པར་གསན་རོགས༎

(Tamdin Wangchuk)

གསར་འགོད་པ་ཆོས་སྐྱིད།