ད་ལམ་ཨ་མི་རི་ཀའི་སྲིད་འཛིན་(Trump)མཆོག་གིས་རྒྱ་ནག་ལ་ཚོང་ཁྲལ་གསར་པ་ཁག་ཅིག་སྣོན་འཇོག་བྱས་པ་དེར་རྒྱ་ནག་གཞུང་གིས་སྐྱོན་བརྗོད་བྱས་འདུག
དེ་ཡང་བར་ལམ་ནས་ཨ་རྒྱ་ཡུལ་གཉིས་ཀྱི་འབྲེལ་ལམ་ཇེ་སྡུག་ཏུ་འགྲོ་བཞིན་པའི་རྣམ་པར་འདས་པའི་རེས་གཟའ་ཕུར་བུའི་ཉིན། ཨ་རིའི་སྲིད་འཛིན་(Trump)་ཡིས་རྒྱ་ནག་ལ་ཨ་སྒོར་ཐེར་འབུམ་དྲུག་བཅུ་ཙམ་གྱི་ཚོང་ཁྲལ་འཕར་སྣོན་གནང་རྒྱུའི་གསལ་བསྒྲགས་གནང་རྗེས་འཛམ་གླིང་གི་མ་བཤེར་ཁྲོམ་རྭའི་རིན་གོང་གློ་བུར་དུ་དམའ་རུ་ཕྱིན་པའི་གནས་སྟངས་ཆགས་པ་དང་། དེ་རྗེས་ཨ་རིའི་སྲིད་འཛིན་གཞོན་པ་མའེཁ་པེནྶེ་(Mike Pence)གྱིས་དཔལ་འབྱོར་ཐད་གཞན་ལ་མགོ་སྒུར་རྒྱུའི་དུས་རབས་རྫོགས་པ་རེད་ཅེས་གསུངས་ཡོད་པ་རེད།
རེས་གཟའ་ཟླ་བའི་ཉིན་གསར་འགོད་པས་དེར་ལན་འདེབས་ཇི་ཡོད་རྒྱ་ནག་གི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ཧུ་འ་ཁྲུན་ཡིང་(HuaChunying)ལ་བཅའ་འདྲི་བྱེད་སྐབས། ཨ་མི་རི་ཀས་རྒྱལ་ཁབ་གཞན་ལ་ཐུབ་ཚོད་དང་འཇིཊ་སྣང་སྐུལ་རྒྱུའི་དུས་ཚོད་རྫོགས་ཟིན་རེད་ཅེས་ལན་འདེབས་སྐྱོན་བརྗོད་བྱས་འདུག
རེས་གཟའ་པ་སངས་ཉིན་རྒྱ་ནག་གིས་ཨ་མི་རི་ཀ་ནས་ནང་འདྲེན་བྱེད་བཞིན་པའི་ཐོན་སྐྱེད་ཁག་ཅིག་ལ་སྒོ་ཁྲལ་ཨ་སྒོར་ཐེར་འབུམ་གསུམ་ཙམ་སྤར་རྒྱུའི་གསལ་བསྒྲགས་བྱས་པའི་གྲས་སུ། ཕག་ཤ་དང་། ཤིང་ཏོག རྒུན་ཆང་སོགས་ཡོད་འདུག
ཕྱོགས་གཉིས་ཀས་ཁ་དམག་རྒྱབ་མིན་ལ་མ་ལྟོས་པར་ཡུལ་གཉིས་ཀྱི་འབྲེལ་ཡོད་དཔོན་རིགས་དབར་ཚོང་འབྲེལ་ལ་རྒྱ་ཆེ་ས་ནས་དོ་ཕོག་མི་ཡོང་བའི་གྲོས་མོལ་གནང་མུས་ཡིན་པ་གོང་ཞུས་རྒྱ་ནག་གི་མགྲིན་པས་ངོས་ལེན་བྱས་འདུག
གནས་ཚུལ་ནང་ཐོན་པར་གཞིགས་ན། རྒྱ་ནག་གི་དཔལ་འབྱོར་སློབ་སྟོན་པ་ལིའུ་ ཧེ་(Lue He)དང་། ཨ་རིའི་ནོར་སྲིད་དྲུང་ཆེ་ སིཊིཝ་ མུ་ནུ་ཅིན་(Steve Mnuchin)ཚོང་འབྲེལ་སྐུ་ཚབ་རོ་བརྚེ་ ལིའི་ཐི་ཛར་(Robert Lighthizer)དབར་གྲོས་མོལ་འགོ་འཛུགས་གནང་ཡོད་འདུག།
གསར་འགོད་པ་ཀརྨ་རྒྱ་མཚོ།
