གླུ་བ་སྐལ་བཟང་ཡར་འཕེལ་བཙོན་གྲོལ་བྱུང་འདུག
2017.07.10
བོད་ནང་གི་དཀྲོལ་ལེན་གཞས་བ་སྐལ་བཟང་ཡར་འཕེལ་ལགས་མི་ལོ་བཞི་ཡི་བཙོན་འཇུག་གི་དུས་ཡུན་གཙང་ནས་བཙོན་གྲོལ་བྱུང་འདུག
དེ་ཡང་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གནས་ཚུལ་འབྱོར་བ་ལྟར་ན། སྤྱི་ལོ་༢༠༡༧་ལོའི་ཟླ་༧་པའི་ཚེས་༡༠་ཉིན། ད་བར་མི་ལོ་བཞི་ཡི་རིང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙོན་འཇུག་བྱས་བའི་མདོ་སྨད་རྨ་ཆུའི་གཞོན་སྐྱེས་གླུ་བ་དང་། དཀྲོལ་ལེན་གཞས་བ་སྐལ་བཟང་ཡར་འཕེལ་ལགས་བཙོན་ཁང་ནས་བཙོན་གྲོལ་བྱུང་ཡོད་པ་དང་། སྐབས་དེར་ཁོང་གི་ནང་མི་དང་། ངོ་ཤེས་གྲོགས་པོ་ཚོས་ཁ་བཏགས་འཐེན་ནས་བཙོན་གྲོལ་བྱུང་བར་དགའ་བསུ་བྱས་འདུག་མོད་ད་ལྟའི་ཆར་ཁོང་གི་སྐུ་གཟུགས་ཀྱི་གནང་སྟངས་སོགས་གསལ་བོ་ཤེས་རྟོགས་མི་འདུག
ཁོང་ཡིན་ན་དེ་སྔ་སྤྱི་ལོ་ ༢༠༡༣ ལོའི་ཕྱི་ཟླ་ ༦ ཚེས་༡༤ ཙམ་ལ་ཟི་ཁྲོན་ཁྲིན་ཏུའུ་གྲོང་ཁྱེར་རྒྱ་ནག་གི་བདེ་འཇགས་ཚན་པས་ལྷ་ས་གྲོང་ཁྱེར་ནས་འཛིན་བཟུང་བྱས་ཏེ། ཁྲིན་ཏུའུ་གྲོང་ཁྱེར་གྱི་ལྟ་སྲུང་ཁང་ཞིག་ཏུ་ལོ་གཅིག་དང་ཟླ་བཞི་ཙམ་ལ་བཀག་ཉར་བྱས་རྗེས། ༢༠༡༢ ལོའི་ནང་སྔ་ཕྱིར་བོད་རིགས་ཡོངས་ཀྱིས་ཕ་སྐད་གཙང་མ་བཤད་པར་སྐུལ་སློང་གི་རིག་རྩལ་སྤྲོ་ཚོགས་ཆེན་མོ་༼ཁ་བའི་མེ་ཏོག༽ ཞེས་བ་དང་། ཁོང་གི་གླུ་གཞས་༼བོད་པ་ཚོ༽དང་༼བླ་མ་ལགས༽ཞེས་པ་སོགས་ཀྱི་ནང་ཆབ་སྲིད་ཀྱི་གནད་དོན་ཡོད་པའི་ནག་ཉེས་བཙུགས་ནས་སྤྱི་ལོ་༢༠༡༤་ལོའི་ཟླ་༡༡་པའི་ཚེས་༢༧་ཉིན་ཁྲིན་ཏུའུ་གྲོང་ཁྱེར་གྱི་ཁྲིམས་ཁང་ཞིག་ནས་ལོ་ ༤ ཡི་དུས་བཀག་བཙོན་འཇུག་ཁྲིམས་ཐག་བཅད་པ་རེད།
སྐལ་བཟང་ཡར་འཕེལ་ལགས་ནི་མདོ་སྨད་མདོ་ལྷོ་རྨ་ཆུ་རྫོང་རྨ་ཁུག་རྟ་རར་སྐྱེས་ཤིང་། ཕ་མིང་ལ་མགོན་པོ་ཚེ་བརྟན་དང་མ་མིང་ལ་མ་ཁོ་ཟེར་གྱི་ཡོད་འདུག
གསར་འགོད་པ་ཀླུ་འབུམ།