བོད་དུ་༧གོང་ས་མཆོག་གི་སྐུ་པར་སྒྲིག་གཤོམ་མི་ཆོག་པ་དང་བྱིས་པར་༧གོང་ས་མཆོག་གི་སྐོར་ནས་སློབ་གསོ་སྤྲོད་བཞིན་ཡོད་མེད་སོགས་ལ་ཉམས་ཚོད་ལེན་བཞིན་ཡོད་པ།

2021.11.25
བོད་དུ་༧གོང་ས་མཆོག་གི་སྐུ་པར་སྒྲིག་གཤོམ་མི་ཆོག་པ་དང་བྱིས་པར་༧གོང་ས་མཆོག་གི་སྐོར་ནས་སློབ་གསོ་སྤྲོད་བཞིན་ཡོད་མེད་སོགས་ལ་ཉམས་ཚོད་ལེན་བཞིན་ཡོད་པ། རྒྱ་ནག་གཞུང་གིས་མཚོ་སྔོན་ཕྱོགས་ཀྱི་བོད་ཀྱི་གྲོང་སྡེ་ཁག་ཅིག་ནང་གཞུང་ཕྱོགས་ཀྱི་ལས་དོན་ཆེད་ཡིན་སྐོར་བརྗོད་ནས། བོད་པ་ཚོའི་ནང་དུ་དེ་དག་གི་ཕ་མ་ཚོས་བྱིས་པར་༧གོང་ས་མཆོག་གི་སྐོར་སློབ་གསོ་སྤྲོད་བཞིན་ཡོད་མེད་རྟོག་ཞིབ་བྱེད་བཞིན་ཡོད་འདུག
Reuters/representational photo

རྒྱ་ནག་གཞུང་གིས་ཕྱི་ལོ་༢༠༡༧ཙམ་ནས་མཚོ་སྔོན་ཕྱོགས་ཀྱི་བོད་ཀྱི་གྲོང་སྡེ་ཁག་ཅིག་ནང་། དབུལ་སྐྱོར་རྟོག་ཞིབ་ཟེར་བ་སོགས་གཞུང་ཕྱོགས་ཀྱི་ལས་དོན་ཆེད་ཡིན་སྐོར་བརྗོད་ནས། སྲིད་གཞུང་གི་མི་སྣ་དུད་ཁྱིམ་རེ་རེ་བཞིན་མྱུལ་ཞིབ་གྱིས་བོད་པ་ཚོའི་ཁང་པའི་ནང་དུ་༧གོང་ས་མཆོག་གི་སྐུ་པར་བསྒྲིགས་གཤོམ་བྱས་ཡོད་མེད་དང་། ཞོར་དུ་ཁྱིམ་ཚང་དེ་དག་གི་ཕ་མ་ཚོས་བྱིས་པར་༧གོང་ས་མཆོག་གི་སྐོར་ནས་སློབ་གསོ་སྤྲོད་བཞིན་ཡོད་མེད་རྟོག་ཞིབ་དང་། གཞན་ཡང་ཡུལ་ཕྱོགས་ཁ་ཤས་ནང་ཁྱིམ་གྱི་མཆོད་ཁང་བཤིག་པ་དང་། ཁང་པའི་སྒོ་ཁར་དར་ལྕོག་འཛུགས་མི་ཆོག་པ་སོགས་ཀྱི་དམ་དྲག་བྱེད་བཞིན་ཡོད་སྐོར། བོད་ཕྱི་ནང་གཉིས་ཀྱི་བོད་མི་གསུམ་ནས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

རྒྱ་ནག་གཞུང་གིས་དེ་སྔ་ནས་བོད་ཁུལ་གྱི་དམར་ཤོག་ཚོགས་པའི་ཚོགས་མི་གཙོས་བོད་མི་ཚོའི་ཆོས་དད་རང་དབང་དང་ཆོས་ལུགས་བྱེད་སྒོ་ཁག་ལ་མཉམ་ཞུགས་བྱེད་བཞིན་ཡོད་མེད་དང་། ལྷག་པར་དུ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐོར་ནས་དམ་དྲག་ཤུགས་ཆེར་བྱེད་བཞིན་ཡོད་པ་ལྟར། གོང་ཞུས་འབྲེལ་ཡོད་བོད་ནང་གི་གནས་ཚུལ་མཁོ་སྤྲོད་པ་ཞིག་ནས་ཁྱིམ་ཚང་རེ་རེ་བྱས་ཏེ་མྱུལ་ཞིབ་ཀྱི་ལས་གཞི་དེ་ལོ་ཤས་ནས་བཟུང་མགོ་ཚུགས་ཡོད་པ་དང་། སྲིད་གཞུང་གི་ལས་བྱེད་ཚོས་གཞུང་གི་ལས་གཞི་ཟེར་བའི་འོག་ནས། དུས་ངེས་མེད་དུ་ཁྱིམ་ཚང་ནང་དུ་ཡོང་སྟེ་གཙོ་བོ་བྱིས་པ་ཚོར་མངོན་ལྐོག་གཉིས་ནས་རྩེད་མོ་དང་འབྲེལ་ནས་ཐུག་འཕྲད་ཀྱིས་སྐད་ཆ་འདྲ་མིན་འདྲི་བ་དང་། ཞོར་དུ་བྱིས་པ་ཚོར་༧གོང་ས་མཆོག་གི་སྐོར་ནས་དྲིས་ཏེ་ཕ་མས་བྱིས་པར་སློབ་གསོ་ག་རེ་གཏོང་གི་ཡོད་སོགས་ཉམས་ཚོད་ལེན་བཞིན་ཡོད་སྐོར་འདི་ག་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

ཡང་བཙན་བྱོལ་ནང་གནས་སྡོད་བོད་མི་མིང་བརྗོད་འདོད་མེད་མཁན་ཞིག་ནས། ཁོང་ཕྱི་ལོ་༢༠༡༧ལོར་ཕྱིར་བོད་ལ་ལྟ་སྐོར་སྐབས་གནས་ཚུལ་དེ་བྱུང་གི་ཡོད་པ་དངོས་སུ་མཐོང་སོང་ལ། སྐབས་དེར་རྒྱལ་ཁབ་ངོས་ནས་རོགས་སྐྱོར་དགོས་མིན་སོགས་ལ་རྟོག་ཞིབ་བྱེད་བཞིན་ཡོད་སྐོར་བརྗོད་ནས་ཡོང་གི་ཡོད་པ་དང་། ཕ་མ་མང་པོས་གནས་ཚུལ་དེ་སྔོན་ནས་ཤེས་རྟོགས་བྱུང་ཡོད་ཀྱང་སེམས་ལ་དོགས་མ་བདེ་བ་ཡོང་གི་ཡོད་པ་དང་། སྲིད་གཞུང་གི་མི་སྣ་ཚོ་ཡོང་སྐབས་སྲིད་གཞུང་གི་ལས་གཞིའི་ཆེད་ཡིན་སྐོར་བརྗོད་ནས་གཙོ་བོ་ཁྱིམ་ཚང་ནང་༧གོང་ས་མཆོག་གི་སྐུ་དཔར་གཤམ་ཡོད་མེད་དང་། བྱིས་པ་ཚོར་དེ་འབྲེལ་གྱི་སློབ་གསོ་སྤྲོད་བཞིན་ཡོད་མེད་དམིགས་ཡུལ་གཉིས་ཤིག་གི་ཆེད་དུ་ཡོང་གི་ཡོད་པ་ཤེས་རྟོགས་བྱུང་སྐོར་འགྲེལ་བརྗོད་གནང་བྱུང་།

གནད་དོན་དེ་དང་འབྲེལ་ནས་བོད་མིའི་སྒྲིག་འཛུགས་ཀྱི་སེམས་ཁམས་འཕྲོད་བསྟེན་ཚན་པའི་འབྲེལ་ཡོད་ལས་བྱེད་དབྱངས་སྒྲོན་ལགས་ནས། སྤྱིར་གནད་དོན་དེ་རིགས་མི་སྒེར་བ་ཞིག་ལ་མཚོན་ན་ཉིན་ཁ་ཤས་ཙམ་རིང་གི་དཀའ་ངལ་མིན་པར།དུས་ནས་དུས་སུ་རང་གི་དད་མོས་དང་རང་དབང་སྐོར་ལ་སུན་བཙེར་བྱེད་བཞིན་ཡོད་སྟབས། ལྷག་པར་རང་གི་འཚོ་བ་དང་འབྲེལ་བའི་རིག་གནས་དད་མོས་སོགས་བུ་ཕྲུག་ཚོར་བཤད་བཅུག་གི་མེད་པ་དེས། སེམས་ཁམས་འཕྲོད་བསྟེན་ཐད་དཀའ་ངལ་ཆེ་ཤོས་ཤིག་ཆགས་ཀྱི་ཡོད་སྐོར་འགྲེལ་བརྗོད་གནང་བྱུང་། ཡང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་བོད་ནང་གི་ཤེས་ཡོན་སྲིད་བྱུས་ཉམས་ཞིབ་པ་ཀརྨ་བསྟན་འཛིན་ལགས་ནས། གནད་དོན་དེ་རིགས་ཀྱིས་མ་འོངས་པར་བོད་མི་ཚོ་དང་བོད་ཀྱི་ཆོས་དང་རིག་གཞུང་དང་བོད་མི་ཚོས་༧གོང་ས་མཆོག་ལ་དད་མོས་བྱེད་བཞིན་པ་སོགས་རྩ་མེད་བཟོ་ཐབས་སོགས། རིག་གནས་གསར་བརྗེའི་སྐབས་ཀྱི་བྱེད་སྟངས་ལྟ་བུ་ཞིག་ཡིན་སྐོར་གསུངས་སོང་།

གཞན་ཡང་རྒྱ་ནག་གཞུང་གིས་ཕྱི་ལོ་༢༠༠༨ལོ་བོད་ས་ཡོངས་སུ་ས་བྱི་ཞི་རྒོལ་ཆེན་མོ་བྱུང་བ་ནས་བཟུང་། ཞི་རྒོལ་གྱི་རྒྱུ་རྐྱེན་དེ་མི་རིགས་ཀྱི་ལྟ་བ་དང་ཆོས་ལུགས་སོགས་ལ་ཐུག་ཡོད་སྐོར་བརྗོད་ནས། བོད་ཀྱི་ས་ཁུལ་མང་པོའི་ནང་རིག་གནས་ཀྱི་བྱེད་སྒོ་དང་། ༧གོང་ས་མཆོག་གི་སྐུ་པར་གཙོས་ཆོས་ལུགས་མཚོན་རྟགས་སོགས་དམ་དྲག་བྱེད་བཞིན་ཡོད་པ་ལྟར། ཕྱི་ལོ་༢༠༡༩ལོ་ནས་བཟུང་བོད་ཨ་མདོ་མགོ་ལོག་ཕྱོགས་ནས་ཁྱིམ་ཚང་གི་སྒོ་ཁར་དར་ལྕོགས་འཐེན་མི་ཆོག་པ་དང་། ས་གནས་གང་སར་མ་ཎི་རྡོ་འབུམ་བརྐོ་མི་ཆོག་པ་མ་ཟད། གཞུང་གིས་སྡོད་ཁང་སྤྲད་ཡོད་པའི་ཁྱིམ་ཚང་ཚོས་རང་ཁྱིམ་དུ་མཆོད་ཁང་སོགས་རྒྱབ་བཅུག་གི་མེད་པ་དང་། གནས་ཚུལ་དེ་འདྲ་བྱུང་བ་མཐོང་ཐོས་བྱུང་ཚེ་སྲིད་གཞུང་གིས་ཁྱིམ་ཚང་དེ་རོགས་སྐྱོར་ནང་ནས་གཡུག་རྒྱུ་དང་། རོགས་སྐྱོར་གུན་གསབ་ཕྱིར་སྤྲོད་དགོས་པ་སོགས་ཀྱི་ཉེས་ཆད་གཅོད་བཞིན་ཡོད་སྐོར། འབྲེལ་ཡོད་བོད་ནང་གི་བོད་མི་ཞིག་གིས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

རྒྱ་ནག་གཞུང་༧གོང་ས་མཆོག་དང་འབྲེལ་བའི་གནས་ཚུལ་དང་སྐུ་པར་སོགས་ལ་དམ་དྲག་ཤུགས་ཆེར་བྱས་ཡོད་པ་དང་། འདི་ལོའི་ཕྱི་ཟླ་༨ནང་རྫ་དབོན་པོ་ཕྱོགས་ནས་༧གོང་ས་མཆོག་གི་སྐུ་པར་དང་འབྲེལ་ནས་བོད་མི་བརྒྱ་ལྷག་འཛིན་བཟུང་གིས་ཟླ་གཅིག་ལྷག་རིང་བཀག་ཉར་འདྲི་རྩད་འོག་བཞག་ཡོད་པ་སོགས་ཀྱི་གནས་ཚུལ་བྱུང་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན།
དྲ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎