གསེར་རྟ་བླ་རུང་ཆོས་སྒར་གྱི་གྲྭ་ཤག་༦༠༠་ཙམ་གཏོར་ཟིན་འདུག


2016-09-30
Share
རྒྱ་ནག་གིས་གསེར་རྟ་བླ་རུང་ཆོས་སྒར་གྱི་གྲྭ་ཤག་གཏོར་བཞིན་པ། ༢༠༡༦།༩ རྒྱ་ནག་གིས་གསེར་རྟ་བླ་རུང་ཆོས་སྒར་གྱི་གྲྭ་ཤག་གཏོར་བཞིན་པ། ༢༠༡༦།༩
བོད་འབྱོར།

རྒྱ་ནག་གཞུང་གིས་འདས་བའི་ཟླ་བ་གཉིས་ཀྱི་ནང་གསེར་རྟ་བླ་རུང་ཆོས་སྒར་གྱི་གྲྭ་ཤག་༦༠༠་མ་ཟིན་ཙམ་གཏོར་ཟིན་པ་དང་མུ་མཐུད་ནས་གཏོར་བཞིན་འདུག།
དེ་ཡང་བོད་ནས་འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་འབྱོར་བ་ལྟར་ན། སྤྱི་ལོ་༢༠༡༦་ལོའི་ཟླ་༧་པའི་ཚེས་༢༠་ཉིན་ནས་སྤྱི་ཟླ་༩་པའི་ཟླ་མཇུག་བར་རྒྱ་ནག་གཞུང་གིས་གསེར་རྟ་བླ་རུང་ཆོས་སྒར་གྱི་གྲྭ་ཤག་༥༥༠་ལྷག་གཏོར་ཟིན་པ་དང་། ཉུང་མཐར་ཡང་ལོ་འདིའི་ནང་གྲྭ་ཤག་ ༡༠༠༠་ཙམ་གཏོར་རྒྱུ་ཡིན་པ་གསེར་རྟ་བླ་རུང་སྒར་གྱི་འབྲེལ་ཡོད་ཚན་པས་བརྗོད་ཡོད་པ་རེད། དེ་མཚུངས་ཉུང་མཐར་ཡང་གྲྭ་བཙུན་གྲངས་༡༢༠༠་ཙམ་གསེར་རྟ་བླ་རུང་ཆོས་སྒར་ནས་ཕྱིར་འབུད་དགོས་བར་རྒྱ་ནག་གཞུང་གིས་དགོན་པའི་དོ་དམ་པ་དང་རྒྱུན་ལས་ཚོར་དུས་བཀག་ནང་ཚུད་མིང་ཐོ་རྩིས་སྤྲོད་དགོས་བ་བཀའ་བཏང་ཡོད་འདུག་ཅིང་། གྲྭ་བཙུན་ཚོས་རང་འགུལ་གྱི་ཐོག་ནས་ཕྱིར་འཐོན་བྱ་རྒྱུའི་ཐོ་འགོད་མ་བྱས་ཚེ། ཞིང་ཆེན་དང་ཁུལ། རྫོང་སོ་སོའི་ལས་བྱེད་མི་སྣ་ཡོང་ནས་བཙན་དབང་གི་ཐོག་ནས་སོ་སོའི་ཕ་ཡུལ་དུ་ཁྲིད་རྒྱུའི་ཉེན་ཁ་ཡོད་པ་འབྲེལ་ཡོད་དགོན་པའི་ལས་བྱེད་པས་གསལ་བཤད་བྱས་འདུག།  
གཞན་ཡང་གནས་ཚུལ་ཤེས་རྟོགས་བྱུང་བར་ལྟར་ན། ཕྱི་ཟླ་༩་ཚེས་༢༩་ཉིན་བླ་རུང་སྒར་དུ་ལྷ་སའི་ཕྱོགས་ནས་ཕེབས་པའི་དགེ་འདུན་པ་དང་བཙུན་མ་ཁག་གཅིག་རྒྱ་ནག་གཞུང་གིས་བཙན་དབང་གི་ཐོག་ནས་ཕྱིར་སློག་བཏང་འདུག།
ཡང་གནས་ཚུལ་ཡོང་ཁུངས་ལྟར་ན། གསེར་རྟ་བླ་རུང་ཆོས་སྒར་གྱི་འགོ་ཁྲིད་དང་ལས་བྱེད་པ་སུ་ཞིག་གིས་ཀྱང་། གྲྭ་བཙུན་གཅིག་ཀྱང་ཕྱིར་ཐོན་དང་ཕྱིར་འབུད་དགོས་རྒྱུ་བརྗོད་མྱོང་མི་འདུག་ལ། དེ་ལྟར་བྱ་རྒྱུའི་འཆར་གཞི་ཡང་མེད་པ་དགེ་འདུན་པ་ཚོར་གསལ་བཤད་བྱས་འདུག། འོན་ཀྱང་སྒར་གྱི་ལས་བྱེད་པ་ཚོས། ད་ཆ་གོང་རིམ་གྱི་བཀའ་བཙན་པས་རང་འདོད་ཀྱིས་ཕྱིར་འཐོན་མཁན་ཚོས་གང་མགྱོགས་རང་མིང་ཐོ་འགོད་བྱེད་དགོས་པའི་འབོད་སྐུལ་བྱས་པ་དང་ཆབས་གཅིག། གལ་ཏེ་དེ་ལྟར་མ་བྱས་ཚེ། གནས་སྟངས་ཁག་པོ་ཆགས་རྒྱུ་ཡིན་པ་ཡང་གསུངས་འདུག།  
རྒྱ་ནག་གཞུང་གི་འཆར་གཞི་ལྟར་ན། སྤྱི་ལོ་༢༠༡༧་ཟླ་༩་ཚེས་༣༠་ནང་ཚུད་གསེར་རྟ་བླ་རུང་ཆོས་སྒར་ནས་ཕྱིར་ཕུད་པའི་མི་གྲངས་དང་ཁང་པ་བཤིག་གྲངས་མཐུན་དགོས་པའི་ཐོག གསེར་རྟ་བླ་རུང་ཆོས་སྒར་དུ་བསྡོམས་གཏན་སྡོད་མི་གྲངས་༥༠༠༠་ལ་ཚོད་འཛིན་བྱེད་རྒྱུ་ཡིན་འདུག་ཅིང་། འདི་ལོར་ཕྱིར་འབུད་བྱ་རྒྱུའི་གྲྭ་པ་དང་བཙུན་མའི་མིང་ཐོ་རྣམས། གོང་རིམ་སྲིད་གཞུང་ལ་སྤྲོད་སྟེ། ཕྱི་ཟླ་༡༠་ཚེས་༣༠་སྔོན་ཕྱིར་འབུད་བཏང་ཚར་དགོས་ཀྱི་ཡོད་འདུག། ཡང་དེ་བཞིན་དགོན་པར་གཏན་སྡོད་མི་གྲངས་༥༠༠༠་ཡི་ཁྲོད་ཞིང་ཆེན་གཞན་གྱི་གྲྭ་བཙུན་༡༠༠༠་ལས་བརྒལ་མི་ཆོག་པ་སོགས་ཀྱི་བཀོད་སྡོམ་ཁྲིམས་འཆར་མང་པོ་ཞིག་ཡོད་པ་རེད།
དེ་སྔོན་གནས་ཚུལ་ཐོན་པ་ཁག་གཅིག་གི་ནང་གསེར་རྟ་བླ་རུང་སྒར་གཏོར་བཤིག་གཏོང་རྒྱུའི་ལས་འགུལ་འགོ་བཙུགས་པ་ནས་གཟའ་འཁོར་ཁ་ཤས་ནང་གྲྭ་ཤག་༦༠༠་ཙམ་གཏོར་ཟིན་པ་བཀོད་ཡོད་པ་རེད།
རྒྱ་ནག་གཞུང་གིས་གསེར་རྟ་བླ་རུང་ཆོས་སྒར་གཏོར་བཤིག་གཏོང་བཞིན་པའི་བྱ་སྤྱོད་ཐད་ཕྱིའི་རྒྱལ་ཁབ་དང་ཚོགས་སྡེ་མང་པོས་དེ་ནི་བོད་མིའི་ཆོས་དད་རང་དབང་ལ་རྩིས་མེད་རྡོག་རོལ་བཏང་བ་ཡིན་པའི་སྐྱོན་བརྗོད་བྱེད་བཞིན་པ་རེད།  

གསར་འགོད་པ་ཀླུ་འབུམ་དང་སྤྱི་ཁྱབ་རྩོམ་སྒྲིག་འགན་འཛིན་སྐལ་ལྡན་བློ་གྲོས།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།