རྒྱ་ནག་གི་སོ་ཉུལ་བ་དེ་བས་མང་བ་འཛིན་བཟུང་བྱེད་སྲིད་པ་ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་གིས་གསུང་འདུག


2020.09.25
རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡེས་(Wang Yi)་དང་ཨ་རིའི་ཕྱི་སྲིད་དྲུང་ཆེ་(Mike Pompeo) ༢༠༡༨།༥ རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡེས་དང་ཨ་རིའི་ཕྱི་སྲིད་དྲུང་ཆེ་(Mike Pompeo) ༢༠༡༨།༥
AFP

ནིའུ་ཡོག་ནང་ཡོད་པའི་རྒྱ་ནག་གཞུང་ཚབ་ཡན་ལག་ཁང་དེ་བཞིན་རྒྱ་ནག་དམར་ཤོག་གཞུང་གིས་ཨ་རིའི་ཐོག་གསང་ཉུལ་བྱེད་པའི་ལྟེ་གནས་ཤིག་ལ་བེད་སྤྱོད་བྱེད་བཞིན་ཡོད་པ་ཨ་རིའི་ཕྱི་སྲིད་དྲུང་ཆེ་ཡིས་གསུང་འདུག
དེ་ཡང་ཨ་རིའི་ཕྱི་སྲིད་དྲུང་ཆེ་(Mike Pompeo)་ཡིས་འདི་ཚེས་༢༣་རེས་གཟའ་ལྷག་པའི་ཉིན། ཨ་རིའི་(New York Post)་གསར་ཤོག་གི་བཅར་འདྲིར་ལན་འདེབས་གནང་སྐབས། ཉེ་ཆར་ནིའུ་ཡོག་ཉེན་རྟོག་པའི་ནང་ལས་ཀ་བྱེད་མཁན་ཉེན་རྟོག་པ་ཞིག་གིས་རྒྱ་ནག་གཞུང་གི་གསང་ཉུལ་བ་བྱས་པའི་དོགས་གཞིའི་འོག་འཛིན་བཟུང་བྱས་ཡོད་པ་དང་འབྲེལ་ནས། ནིའུ་ཡོག་ནང་ཡོད་པའི་རྒྱ་ནག་གཞུང་ཚབ་ཡན་ལག་ཁང་དེ་རྒྱ་ནག་དམར་ཤོག་གཞུང་གིས་ཨ་རིའི་ནང་གསང་བའི་བྱེད་སྒོ་བྱ་ཡུལ་གཙོ་བོ་ཞིག་ཡིན་པ་གསལ་སྟོན་གནང་བ་དང་སྦྲགས། རིམ་པས་ཕྱི་འབྲེལ་དཔོན་རིགས་དང་རྒྱ་མིའི་སོ་ཉུལ་གྱི་ལས་ཀ་བྱེད་མཁན་དེ་བས་མང་བ་འཛིན་བཟུང་བྱེད་སྲིད་པ་ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་གིས་གསུང་འདུག
ཡང་ཁོང་གིས། དོགས་གཞི་ཡོད་པའི་མི་དེ་ཚོའི་རིགས་ཀྱིས་རྒྱུན་གཏན་གྱི་ཕྱི་འབྲེལ་བྱེད་སྒོ་ལས་བརྒལ་ནས་གསང་བའི་ལས་ཀའི་རིགས་བྱེད་ཀྱི་ཡོད་པ་རེད་ཅེས་ཕྱི་སྲིད་དྲུང་ཆེ་མཆོག་གིས་ཉེ་ཆར་ནེའུ་ཡོག་ནས་རྒྱ་ནག་གི་གསང་ཉུལ་བའི་དོགས་གཞིའི་འོག་འཛིན་བཟུང་བྱས་གནད་དོན་དེ་རྒྱ་ནག་གཞུང་གིས་ཁས་ལེན་མ་བྱས་པར་བརྟེན་གསལ་འགྲེལ་གནང་འདུག
ད་དུང་ནེའུ་ཡོག་ནས་བྱུང་བའི་གནས་ཚུལ་དང་། ཨ་རིའི་ཧུསི་ཊོན་ནང་གི་རྒྱ་ནག་གཞུང་ཚབ་ཡན་ལག་ལས་ཁང་སྒོ་བརྒྱབ་པ་བཅས་ཀྱི་གནད་དོན་ཐོག་གླེང་སྐབས། ཕྱི་སྲིད་དྲུང་ཆེ་མཆོག་གིས། ཉེ་སྔོན་ཟླ་༧་པའི་ནང་ཧུསི་ཊོན་དུ་ཡོད་པའི་རྒྱ་ནག་གཞུང་ཚབ་ཡན་ལག་ལས་ཁང་སྒོ་རྒྱབ་བཅུག་པའི་ཐག་གཅོད་དེ་ཡང་རྒྱ་ནག་གིས་ཨ་རིའི་དམག་དོན་གྱི་གསང་བ་རྐུ་འཁྱེར་བྱས་ཡོད་པའི་ཉེས་འཛུགས་འོག་བྱུང་བ་གསུང་འདུག
དེ་བཞིན་ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་ཉིན་དེར་ཝིསི་ཀོན་སིན་མངའ་སྡེ་ནས་གནམ་གྲུའི་ནང་ཕྱིར་ལོག་གནང་བཞིན་པའི་སྐབས། ཧུསི་ཊོན་ནང་གི་རྒྱ་ནག་གཞུང་ཚབ་ཡན་ལག་ཁང་སྒོ་རྒྱབ་དགོས་དོན་ནི་ཁོང་ཚོས་སོ་ཉུལ་བྱས་པ་ཙམ་མ་ཡིན་པར་ཨ་མི་རི་ཀའི་ཞིབ་འཇུག་
བྱས་པའི་གྲུབ་འབྲས་དེ་ཚོ་རྐུ་འཁྱེར་བྱས་པ་ནི། ཁྲིམས་འགལ་གྱི་གནད་དོན་ཆེན་པོ་ཡིན་སྟབས། ཨ་རིས་གསང་བའི་གནས་ཚུལ་རྐུ་འཁྱེར་བྱེད་མཁན་ཚོ་རྒྱ་ནག་དུ་ཕྱིར་ལོག་གཏོང་རྒྱུ་ཡིན་པ་ནན་བརྗོད་གནང་འདུག
ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་ཁ་སྔོན་ཕྱི་ཟླ་བདུན་པའི་ནང་། ཨ་རིའི་གྲོང་ཁྱེར་བཅུ་གྲངས་ལྷག་གི་ནང་གི་རྒྱ་ནག་གཞུང་ཚབ་ལས་ཁང་གིས་སློབ་ཕྲུག་གི་མིང་ཐོག་ནས་རྒྱ་ནག་དམར་ཤོག་གཞུང་གི་ཆེད་དུ་གསང་བའི་བྱེད་སྒོ་སྤེལ་རུ་འཇུག་གི་ཡོད་པ་ཡང་ར་འཕྲོད་བྱས་ཡོད་པ་རེད། ཕྱི་སྲིད་དྲུང་ཆེ་པོམ་པི་ཡོ་ཡིས་གོང་གསལ་རྒྱ་ནག་གི་གསང་ཉུལ་གྱི་བྱེད་སྒོ་དེ་དག་ཐ་ན་ནིའུ་ཡོག་གྲོང་ཁྱེར་ནང་གི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་ཁང་ལའང་གསང་ཉུལ་བྱེད་སྒོ་ཁྱབ་སྤེལ་བྱས་ཡོད་ཅིང་། དེར་བརྟེན་ཨ་རིའི་གཞུང་གིས་ཨ་རིའི་ནང་ཡོད་པའི་རྒྱ་ནག་གི་ཕྱི་འབྲེལ་མི་སྣ་ཚོའི་ཐོག་དོ་སྣང་དང་ལྟ་ཞིབ་ནན་པོ་གནང་བཞིན་ཡོད་པ་གསུང་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་ཁྲིམས་ཁང་གིས་རྒྱ་ནག་གི་ཚོང་པ་འབྱོར་ལྡན་པ་ཀོ་ཝུན་ཀའེ་ལ་ནག་ཉེས་ཡོད་པ་བསྒྲགས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་གར་གྱི་གནད་ཡོད་མི་སྣ་ཞིག་གིས་བརྩམས་པའི་བོད་ཀྱི་དངོས་བྱུང་ལོ་རྒྱུས་དང་འབྲེལ་བའི་དཔེ་དེབ་ཞིག་གཞུང་འབྲེལ་གྱིས་དབུ་འབྱེད་གནང་འདུག་པའི་ནང་། བོད་འདི་རང་བཙན་གྱི་མངའ་དབང་ལྡན་པའི་རྒྱལ་ཁབ་ཡིན་པ་ར་སྤྲོད་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎