རྒྱ་ནག་ཞིབ་སྤྱོད་ལས་ཁང་གིས་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཚོགས་གཙོ་གཞོན་པ་ཟུར་པ་ཞིག་འཛིན་བཟུང་བྱ་རྒྱུའི་བཀོད་ཁྱབ་བཏང་ཡོད་འདུག
རྒྱ་ནག་ཆེས་མཐོའི་ཞིབ་སྤྱོད་ལས་ཁང་གིས་ལྐོག་ཟ་རུལ་སུངས་དང་དབང་ཆ་གང་བྱུང་བེད་སྤྱོད་བྱས་པའི་ཉེས་བཙུགས་འོག་བོད་རང་སྐྱོང་ལྗོངས་ཟེར་བའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཚོགས་གཙོ་གཞོན་པ་ཟུར་པ་ཅི་གོའོ་ཀང་འཛིན་བཟུང་བྱ་རྒྱུའི་བཀའ་བཏང་ཡོད་པའི་སྐོར་རྒྱ་ནག་གཞུང་གི་ཆེས་མཐོའི་ཞིབ་སྤྱོད་ལས་ཁང་གིས་བརྗོད་པ་ཤིན་ཧྭ་གཞུང་འབྲེལ་གསར་ཁང་གིས་ལུང་འདྲེན་བྱས་འདུག
རྒྱ་ནག་རྒྱལ་ཁབ་སྒྲིག་ཁྲིམས་ཞིབ་བཤེར་ལྷན་ཁང་གིས་ཅི་གོའོ་ཀང་གི་གྱོད་དོན་ཐད་བརྟག་དཔྱད་ཞིབ་འཇུག་བྱས་ཏེ། ཅི་ཡི་གྱོད་དོན་དེ་ཞིབ་སྤྱོད་ལས་ཁང་ལ་རྩིས་སྤྲོད་བྱས་ཡོད་པ་དང་། གྱོད་དོན་དེའི་ཐོག་ད་ལྟའི་ཆར་ཐག་གཅོད་བྱེད་བཞིན་པའི་སྐོར་བརྗོད་འདུག་ལ། རྒྱ་ནག་སྒྲིག་ཁྲིམས་ཞིབ་བཤེར་ལས་ཁང་གིས་ཕྱི་ལོ་༢༠༢༢ལོའི་ཕྱི་ཟླ་བཅུ་གཅིག་པའི་ནང་ཅི་གོའོ་ཀང་གིས་རྒྱ་ནག་དམར་ཤོག་གཞུང་གི་སྒྲིག་ཁྲིམས་སྒྲིག་སྲོལ་ལས་ཚབས་ཆེ་འགལ་ཡོད་ལུགས་བརྗོད་ནས་ཅི་ལ་ཞིབ་བཤེར་བྱེད་འགོ་ཚུགས་ཡོད་འདུག
ཅི་གོའོ་ཀང་ཕྱི་ལོ་ ༡༩༦༢ ལོར་སྐྱེས་ཤིང་། དེ་སྔ་རྒྱ་ནག་འཕེལ་རྒྱས་སྒྱུར་བཅོས་གཏན་འཇག་མ་རྩ་འཛུགས་འཇོག་ལ་ལྟ་ཞིབ་བྱེད་མཁན་དང་། བོད་རང་སྐྱོང་ལྗོངས་ཟེར་བའི་འཕེལ་རྒྱས་སྒྱུར་བཅོས་ལས་ཁང་གི་དམར་ཤོག་ཚོགས་པའི་དྲུང་ཆེ། འགན་འཛིན་གཞོན་པ། བོད་རང་སྐྱོང་ལྗོངས་ཟེར་བའི་སྲིད་གཞུང་གི་དམར་ཤོག་ཚོགས་པའི་འཐུས་མི་དང་། བོད་རང་སྐྱོང་ལྗོངས་ཟེར་བའི་འཕེལ་རྒྱས་སྒྱུར་བཅོས་ལས་ཁང་གི་དམར་ཤོག་ཚོགས་པའི་དྲུང་ཆེ་གཞོན་པ་དང་འགན་འཛིན་གྱི་ལས་གནས་ཁུར་མྱོང་ཡོད་འདུག ཕྱི་ལོ་༢༠༡༦ལོར་ཅིས་གོའོ་ཀང་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཚོགས་གཙོ་གཞོན་པར་བསྐོ་བཞག་བྱས་ཡོད་འདུག
གསར་འགོད་པ། ལྷུན་གྲུབ་ཚེ་རིང་།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།