རྒྱ་ནག་གི་གསང་ཉུལ་བ་རྡོ་རྗེ་རྒྱལ་མཚན་རྒྱ་ནག་ལ་ཕྱིར་སློག་གཏོང་འཆཪ་འདུག

2020-09-29
གློག་འཕྲིན།
མཆན།
Share
པར་བཀོད།
རྡོ་རྗེ་རྒྱལ་མཚན།
རྡོ་རྗེ་རྒྱལ་མཚན།
སྤྱི་ཚོགས་དྲ་ལམ།

རྒྱ་ནག་གི་གསང་ཉུལ་བ་བོད་མི་རྡོ་རྗེ་རྒྱལ་མཚན་ཞེས་པ་དེ་སུ་ཝེ་ཌན་གཞུང་གིས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཁ་ཡོད་པའི་ངོས་འཛིན་གྱིས་རྒྱ་ནག་ལ་ཕྱིར་སློག་གཏོང་རྒྱུའི་ཐག་གཅོད་བྱས་འདུག
སུ་ཝེ་ཌན་(Sweden)་གྱི་ཁྲིམས་ཁང་གིས་རྒྱ་ནག་གཞུང་གི་གསང་ཉུལ་བ་བོད་རིགས་ལོ་ན་༥༢་ཡིན་པ་རྡོ་རྗེ་རྒྱལ་མཚན་ཟེར་བ་ཞིག་གིས་རྒྱ་ནག་གཞུང་གི་ཆེད་དུ། སུ་ཝེ་ཌན་ནང་ཡོད་པའི་བོད་མི་ཚོར་སོ་ལྟ་བྱས་ཏེ་གསང་བའི་གནས་ཚུལ་རྣམས་རྒྱ་ནག་གཞུང་ལ་སྤྲད་པའི་ནག་ཉེས་ར་འཕྲོད་བྱུང་སྟབས། ཡུལ་དེའི་ཁྲིམས་ཁང་གིས་ཁོང་རྒྱ་ནག་ལ་ཕྱིར་སློག་བྱ་རྒྱུའི་ཁྲིམས་ཐག་བཅད་འདུག
རྡོ་རྗེ་རྒྱལ་མཚན་གྱིས་སུ་ཝེ་ཌན་ནང་ཡོད་པའི་བོད་མི་རྣམས་ཀྱི་འགྲོ་འདུག་སྤྱོད་གསུམ་ལ་སོ་ཉུལ་བྱས་པ་མ་ཟད། བོད་མི་ཚོའི་ཕ་ཡུལ་དང་ཁྱིམ་ཚང་གི་གནས་སྟངས་ཆབ་སྲིད་ཀྱི་ལས་དོན་ནང་མཉམ་ཞུགས་ཇི་བྱས་མིན་གྱི་གནས་ཚུལ་རྣམས་རྒྱ་ནག་གཞུང་ལ་མཁོ་སྤྲོད་བྱས་པར་བརྟེན་སུ་ཝེ་ཌན་གྱི་བདེ་སྲུང་ཉེན་རྟོག་མི་སྣས་ལོ་ཤས་གོང་ཁོ་པ་འཛིན་བཟུང་གིས་ད་བར་ཟླ་བ་༢༢་རིང་བཙོན་འཇུག་བྱས་ཡོད་པ་དང་། བཙོན་འཇུག་གི་དུས་ཡུན་ཚང་རྗེས་སུ་ཝེ་ཌན་གྱི་བདེ་སྲུང་མི་སྣས་ཁོ་ཡུལ་དེར་མུ་མཐུད་དུ་གནས་སྡོད་བྱས་ན་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཁ་ཆེ་བས་རྒྱ་ནག་ལ་ཕྱིར་སློག་བྱ་དགོས་པའི་དགོས་འདུན་བཏོན་ཡོད་པ་སུ་ཝེ་ཌན་གྱི་ཉིན་རེའི་ཚགས་པར་(Göteborgs-Posten)་ཞེས་པས་གནས་ཚུལ་སྤེལ་འདུག
རྡོ་རྗེ་རྒྱལ་མཚན་ཟེར་བས་ཕྱི་ལོ་༢༠༡༥་ཕྱི་ཟླ་༧་ནས་ཕྱི་ལོ་༢༠༡༧་ཕྱི་ཟླ་༢་བར་སོ་མྱུལ་གྱི་ལས་ཀ་བྱས་ཡོད་པ་དང་། དེ་ཡང་རྒྱ་ནག་གི་སོ་མྱུལ་བ་ཡིན་པའི་ནག་ཉེས་ར་འཕྲོད་བྱུང་སྟེ་ཕྱི་ལོ་༢༠༡༧ཟླ་༢ཚེས་༢༦ཉིན་གྱི་མཚན་གུང་སུ་ཝེ་ཌན་གྱི་བདེ་སྲུང་ཉེན་རྟོག་མི་སྣས་འཛིན་བཟུང་བྱས་པ་རེད། ཁོང་ཐེངས་ཁ་ཤས་རིང་པོ་ལེནྜི་(Poland)་ནང་ཕྱིན་ཏེ་རྒྱ་ནག་གི་གསང་བའི་ལས་བྱེད་ཚོར་ཐུག་འཕྲད་ཀྱིས་སུ་ཝེ་ཌན་ནང་གི་བོད་མི་ཚོས་ཆབ་སྲིད་ལས་འགུལ་སྤེལ་བ་དང་། ཚོགས་འདུ་ཚོགས་པ་སོཌ་ཀྱི་སྐོར་གནས་ཚུལ་མཁོ་སྤྲོད་བྱས་ཡོད་པར་བརྟེན་ནས་སུ་ཝེ་ཌན་ནང་རྟེན་གཞི་བྱས་པའི་བོད་པ་དང་ཕྱི་རྒྱལ་ཁག་ཏུ་ཡོད་པའི་བོད་པ་རྣམས་ལ་དོ་ཕོག་བཏང་ཡོད་ལུགས་སུ་ཝེ་ཌན་གྱི་ཁྲིམས་ཁང་གིས་འགྲེལ་བརྗོད་བྱས་ཡོད་འདུག

སུ་ཝེ་ཌན་གྱི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། རྡོ་རྗེ་རྒྱལ་མཚན་གྱིས་རྒྱ་ནག་གཞུང་ལ་གསང་བའི་གནས་ཚུལ་མཁོ་སྤྲོད་བྱས་ཏེ་ཨ་སྒོར་༦༠༠༠་བླངས་ཡོད་པ་བཀོད་ཡོད་འདུག
སུ་ཝེ་ཌན་བོད་རིགས་ཚོགས་པའི་ཚོགས་ཟུར་འཇམ་དབྱངས་ཆོས་སྒྲོན་ལགས་ཀྱིས། ཕྱི་ལོ་༢༠༡༧ལོའི་བོད་ཀྱི་ལོ་གསར་སྐབས་རྡོ་རྗེ་རྒྱལ་མཚན་ཟེར་བ་དེ། རྒྱ་ནག་གཞུང་གི་སོ་མྱུལ་བ་ཡིན་པའི་དོགས་གཞིའི་འོག་འཛིན་བཟུང་བྱས་ཡོད་པ་དང་། སུ་ཝེ་ཌེན་རྒྱལ་ཁབ་ཀྱི་ཁྲིམས་ལུགས་དགོངས་དོན་ལྟར་ཞིབ་འཇུག་བྱས་ནས། ཕྱི་ལོ་༢༠༡༨ལོར་རྒྱ་ནག་གཞུང་གི་སོ་མྱུལ་བ་ཡིན་པའི་ཐག་གཅོད་བྱས་ཡོད་པ་མ་ཟད། ཟླ་བ་༢༢རིང་གི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད། ཕྱི་ལོ་༢༠༢༠ལོར་བཙོན་འཇུག་ཁྲིམས་ཐག་ཚང་གི་ཡོད་སྟབས་སུ་ཝེ་ཌན་གསང་བའི་ལས་ཁུངས་ནས་ཁོང་སུ་ཝེ་ཌན་ནང་མུ་མཐུད་གནས་ཚེ་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཁ་ཆེན་པོ་ཡོད་པར་བརྟེན་ཕྱིར་འབུད་གཏོང་དགོས་པའི་དགོས་འདུན་སྟོན་པ་ལྟར། སུ་ཝེ་ཌན་
ནང་ཕྱིར་ལོག་མི་ཆོག་པའི་ཐག་གཅོད་གནང་ཡོད་པ་རེད་ཅེས་བོད་མིའི་སྒྲིག་འཛུགས་ཀྱི་བརྙན་འཕྲིན་གྱི་བཅར་འདྲིའི་ཐོག་འགྲེལ་བརྗོད་གནང་འདུག

གཞན་ཡང་ཉེ་ཆར་ཨ་རིའི་གཞུང་གིས་ཨ་རིའི་ནིའུ་ཡོག་གྲོང་ཁྱེར་གྱི་ཉེན་རྟོག་པ་པདྨ་དར་རྒྱས་ཟེར་བ་ཞིག་གིས་རྒྱ་ནག་གཞུང་གི་ཆེད་སོ་མྱུལ་བྱེད་བཞིན་པའི་ཉེས་མིང་འོག་འཛིན་བཟུང་བྱས་ཡོད་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།