མདོ་ཁམས་ཆུ་བཞི་སྒང་དྲུག་གི་འགན་འཛིན་ལྷན་ཚོགས་ཐེངས་༤༨པ།
2019.01.23
རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་བོད་སྒར་བསམ་ཡས་གླིང་དུ་མདོ་ཁམས་ཆུ་བཞི་སྒང་དྲུག་གི་འགན་འཛིན་ལྷན་ཚོགས་ཐེངས་༤༨་པ་དེ་འཚོགས་བཞིན་འདུག
དེ་ཡང་སྤྱི་ཟླ་༡་ཚེས་༢༢་ནས་༢༤་བར་གྱི་ཉིན་གསུམ་རིང་གི་ལྷན་ཚོགས་སྐབས་གཙོ་བོ་ཆུ་བཞི་སྒང་དྲུག་གི་ལས་བསྡོམས་དང་རྩིས་ཁྲ་ཁག་ལ་ཞིབ་བཤེར་ཐོག་སྔོན་རྩིས་གཏན་བེབས་བྱ་རྒྱུ་དེ་ཡིན་འདུག་ཅིང་། ཉིན་དང་བོའི་དབུ་འབྱེད་མཛད་སྒོའི་ཐོག་ཏུ་ཆུ་སྒང་ཚོགས་གཙོ་གླིང་ཚང་ཚེ་རྡོར་ལགས་ཀྱིས་བོད་ཆོལ་ཁ་གསུམ་ནང་ཁུལ་དམ་ཚིག་རྡོག་རྩ་གཅིག་སྒྲིལ་གྱི་ཐོག་ནས་༧་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་དང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་ཀྱི་ཐོག་ཤར་སྐྱོད་དང་ལག་བསྟར་གནང་སྟེ་བོད་རང་དབང་སླར་གསོ་ཡོང་བར་འབད་བརྩོན་གནང་དགོས་པ་དང་ཆོལ་གསུམ་མི་དམངས་མཐུན་བསྒྲིལ་དགོས་པ་བརྗོད་འདུག
ཆུ་བཞི་སྒང་དྲུག་བསྟན་སྲུང་དང་བླངས་དམག་གི་སྒྲིག་འཛུག་དེ་ནི་ཕྱི་ལོ་༡༩༥༦ ལོ་ནས་བཟུང་རྒྱ་ནག་གུང་ཁྲན་ཏང་གིས་བོད་མི་མང་གི་ཐོག་ཏུ་བཙན་གནོན་དྲག་ཤུགས་ཁོ་ན་བྱེད་པའི་དམངས་གཙོ་བཅོས་བསྒྱུར་གྱི་ལམ་ལུགས་ཟེར་བ་དེས་བོད་མི་རིགས་ལ་མནར་གཅོད་བཏང་དང་གཏོང་བཞིན་པའི་བྱེད་ཐབས་ངན་པ་དེར་བཟོད་ཐབས་བྲལ་ཏེ་རྒྱ་དམར་གུང་ཁྲན་ལ་གདོང་ལེན་འཐབ་འཛིང་བྱེད་རྒྱུར་བཙུགས་པ་ཞིག་ཡིན་པ་རེད།
ཐེངས་འདིའི་འགན་འཛིན་ལྷན་ཚོགས་སྐབས་ཧིན་སྒོར་འབུམ་༡༢༠་ལྷག་གི་བཀའ་འཁྲོལ་ཞུས་ཏེ་མདོ་སྟོད་ཁྱབ་ཁོངས་ཀྱི་མཐོ་སློབ་འགྲིམ་བཞིན་པའི་སློབ་ཕྲུག་གི་ཤེས་ཡོན་ཆེད་དུ་ལོ་རེར་ཧིན་སྒོར་འབུམ་ཉི་ཤུ་ལྷག་དང་རྒན་ཁོག་རིགས་ཀྱི་འཚོ་བའི་ཁ་སྣོན་ལ་ཧིན་སྒོར་འབུམ་བཅུ་ལྷག་གཏོང་རྒྱུ་ཡིན་པ་སོགས་ཀྱི་འཆར་གཞི་ཡོད་འདུག
གསར་འགོད་པ་སངས་རྒྱས་རྡོ་རྗེ།