རྒྱལ་ཚོགས་ཀྱི་བུད་མེད་ལ་དབྱེ་འབྱེད་འགོག་ཐབས་ཚོགས་ཆུང་གི་ཚོགས་འདུའི་སར་རྒྱ་ནག་ལ་དྲི་ཞིབ་བྱས་པ།
སུད་སི་གྲོང་ཁྱེར་ཇི་ནི་ཝར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བུད་མེད་ལ་དབྱེ་འབྱེད་འགོག་ཐབས་ཚོགས་ཆུང་གི་ཚོགས་འདུ་ཐེངས་ ༨༥ པ་དེ་ཕྱི་ལོ་ ༢༠༢༣ ཟླ་ ༥ ཚེས་ ༨ ཉིན་དབུ་འཛུགས་ཀྱིས་ཟླ་ ༥ ཚེས་ ༢༨ བར་མུ་མཐུད་ཚོགས་གནང་བཞིན་ཡོད་ཅིང་། ཕྱི་ཚེས་ ༡༢ སྟེ་ཚོགས་འདུ་ཉིན་ ༥ པའི་ཐོག་རྒྱ་ནག་གི་ཐོག་ལ་ཞིབ་འཇུག་དང་འབྲེལ་བའི་སྙན་ཐོ་སྒྲོག་སྦྱང་གི་མཚོན་རྒྱལ་ཚོགས་ཀྱི་ཆེད་ལས་རྟོག་ཞིབ་པ་མང་པོས་དྲི་བ་གནང་པར་རྒྱ་ནག་གཞུང་གི་འབྲེལ་ཡོད་ལས་བྱེད་ཚོས་དྲིས་ལན་གནང་ཞིང་དང་བགྲོ་གླེང་གནང་ཡོད་པ་རེད། ཚོགས་འདུ་འདིའི་སར་བོད་པའི་སྐུ་ཚབ་ཏུ་སུད་སི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གི་རྒྱལ་ཚོགས་སུ་བོད་དོན་ཞུ་གཏུག་འབྲེལ་མཐུད་པ་སྐལ་ལྡན་མཚོ་མོ་ལགས་དང་། བོད་ཀྱི་དབུས་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་སྒྲོལ་མ་ལགས་ཕེབས་ཞུགས་ཀྱིས་བོད་ནང་གི་གནད་དོན་ཐོག་ལ་ཞུ་འབོད་དང་གོ་རྟོགས་སྤེལ་དང་སྤེལ་བཞིན་ཡོད་པ་རེད།
སུད་སི་སྐུ་ཚབས་དོན་གཅོད་ཁང་གི་རྒྱལ་ཚོགས་སུ་བོད་དོན་ཞུ་གཏུག་འབྲེལ་མཐུད་པ་སྐལ་ལྡན་མཚོ་མོ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། ད་རེས་ཀྱི་ལྷན་ཚོགས་དེ་བཞིན་རྒྱལ་ཚོགས་ཀྱི་བེུད་ལ་དབྱེ་འབྱེད་སྐོར་གྱི་ཁྲིམས་ཡིག་ཞིག་ཡོད་པ་དེ་ལག་བསྟར་གང་དྲ་བྱས་ཡོད་མེད་སྐོར་ལ་བསྐྱར་ཞིབ་ཞུ་རྒྱུའི་ཚོགས་འདུ་ཞིག་ཡིན་པ་དང་། ཚོགས་འདུའི་རིང་ཁྱད་ལས་ཚོགས་ཆུང་ཁག་གི་རྟོག་ཞིབ་པ་མི་གྲངས་ཉི་ཤུ་རྩ་གསུམ་ཙམ་ཞིག་ཡོད་པ་རྣམས་ཀྱིས་རྒྱ་ནག་གཞུང་ལ་ཐད་ཀར་དྲི་རྩད་བྱས་པར་རྒྱ་ནག་གཞུང་གིས་ལན་འདེབས་བྱེད་དགོས་ཀྱི་ཡོད་པ་རེད། འོན་ཀྱང་ཁྱད་ལས་རྟོག་ཞིབ་པས་དྲི་བ་མང་པོ་ཞིག་ལ་ལན་འདེབས་མ་བྱུང་བར་བརྟེན་རྗེས་སུ་རེས་གཟའ་ཟླ་བའི་གོང་དང་དེ་བཞིན་རིམ་པར་ཡིག་ཐོག་ནས་ལན་འདེབས་བྱ་དགོས་ཀྱི་ཡོད་འདུག སྐལ་ལྡན་མཚོ་མོ་ལགས་ཀྱིས་མུ་མཐུད་གསུངས་ན། ད་རེས་ཀྱི་ལྷན་ཚོགས་ཀྱི་བསྐྱར་ཞིབ་ཚོགས་འདུ་འདིའི་ཐོག་རྒྱ་ནག་སྐམ་ས་ནས་རྒྱ་ནག་གཞུང་གི་སྐུ་ཚབ་མི་གྲངས་བཞི་བཅུ་ཙམ་ཞིག་བཅར་ཡོད་པ་དང་། བོད་དོན་དང་འབྲེལ་བའི་དྲི་བ་ཁག་ལ་ལན་འདེབས་བྱེད་མཁན་ནི་རྒྱ་ནག་ཐབས་ཕྱོགས་གཅིག་འགྱུར་ལས་ཁང་གི་སྐུ་ཚབ་ཡིན་ཡང་། དྲི་བ་མང་ཆེ་བར་རྒྱ་ནག་གི་སྐུ་ཚབ་ནས་ལམ་འཕྲལ་ལན་འདེབས་གསལ་བཤད་གནད་ལ་འཁེལ་བ་ཞིག་རྒྱག་རྒྱུ་མི་འདུག་ཅེས་སྐལ་ལྡན་མཚོ་མོ་ལགས་ཀྱིས་གསུངས་བྱུང་།
བོད་མིའི་སྐུ་ཚབ་ཏུ་བཅར་བའི་བོད་ཀྱི་བེུད་ལྷན་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་སྒྲོལ་མ་ལགས་ཀྱིས་བེུད་ལྷན་ཚོགས་ཀྱི་ངོས་ནས་བོད་ནང་གི་བེུད་ཚོའི་དཀའ་ངལ་རྣམས་རྒྱལ་སྤྱིའི་ལྷན་ཚོགས་ཁག་གི་སྟེང་གང་ཐུབ་ཕྱྭར་ཐབས་སུ་འབད་རྩོན་གནང་གི་ཡོད་པ་དང་། ད་རེས་རྒྱལ་ཚོགས་ཀྱི་ཁྱད་ལས་རྟོག་ཞིབ་པ་ཚོས་དྲི་བ་བཏང་གནང་སྐབས། རྒྱ་ནག་གི་ལས་བྱེད་པ་ཚོས་ཚབ་ཚབ་བྱས་ཏེ་ལན་འདེབས་ཐད་ཀར་ཕུལ་མ་ཐུབ་པ་མངོན་རྒྱུ་བྱུང་ཞིང་། རྒྱ་ནག་གི་སྐུ་ཚབ་ཚོས་ཐད་ཀར་ལན་འདེབས་མ་ཐུབ་པ་དང་། དོན་དངོས་དང་མི་མཐུན་པའི་ལན་འདེབས་བྱེད་ཀྱི་ཡོད་པའི་གནས་སྟངས་མཐོང་དུས་སེམས་འཚབ་བྱུང་བ་ངོ་སྤྲོད་གནང་ཞིང་། ཚོགས་འདུ་འདི་རིགས་ཀྱི་ཐོག་ལ་བཅར་དུས་བོད་མིའི་ལས་འགན་ལྕི་བོ་ཞིག་ཡོད་པ་འདི་སྒྲུབ་རྒྱུའི་སེམས་ནང་དངངས་འཚབ་འབྱུང་གཞི་རང་བཞིན་གྱི་གྱུར་ཡོང་གི་འདུག་ཅེས་ཚོར་སྣང་འགྲེལ་བརྗོད་གནང་བྱུང་།
གསར་འགོད་པ། འཆི་མེད།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།