སེར་བྱེས་གྲྭ་ཚང་ནང་ཏོག་དབྱིབས་ནད་ཡམས་འགོས་ཁྱབ་ཤུགས་ཆེར་བྱུང་བཞིན་པར་ཕྱོགས་གང་ས་ནས་གདོང་ལེན་གནང་བཞིན་འདུག

2021-05-24
Share
སེར་བྱེས་གྲྭ་ཚང་ནང་ཏོག་དབྱིབས་ནད་ཡམས་འགོས་ཁྱབ་ཤུགས་ཆེར་བྱུང་བཞིན་པར་ཕྱོགས་གང་ས་ནས་གདོང་ལེན་གནང་བཞིན་འདུག སེར་བྱེས་གྲྭ་ཚང་ནང་སྲོག་འཛིན་རླུང་སོགས་སྨན་བཅོས་ཡོ་བྱད་འབྱོར་བཞིན་པ། ༥།༢༤།༢༡
Sera Jhe Healthcare

སེར་བྱེས་གྲྭ་ཚང་ནང་ཏོག་དབྱིབས་ནད་ཡམས་འགོས་ཁྱབ་ཤུགས་ཆེར་བྱུང་བཞིན་པའི་སྐབས་འདིར་གྲྭ་ཚང་གི་མཁན་ལས་འདུས་དམངས་དང་། ལྷག་པར་དུ་གྲྭ་ཚང་དེའི་སྦྱིན་བདག་རྣམ་པས་མཐུན་འགྱུར་རོགས་རམ་གྱི་ཐོག་ནས་ཛ་དྲག་གི་གནས་སྟངས་ལ་གདོང་ལེན་ཤུགས་ཆེར་གནང་བཞིན་འདུག
ད་སྐབས་རྒྱ་བལ་འབྲུག་གསུམ་གྱི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ཀོ་ཝིཌ་༡༩་ཏོག་དབྱིབས་ནད་ཡམས་ཀྱི་རྐྱེན་འདས་གྲོངས་སུ་ཕྱིན་པའི་གྲངས་འབོར་བརྒྱ་བརྒལ་ཡོད་པ་དང་། རྒྱ་གར་ལྷོ་ཕྱོགས་སེར་བྱེས་གྲྭ་ཚང་དུ་ནད་པའི་གྲངས་འབོར་ཇེ་མང་དུ་སོང་ཡོད་འདུག འོན་ཀྱང་གྲྭ་ཚང་དེ་ཉིད་ཀྱི་སྦྱིན་བདག་རྣམས་ནས་སྲོག་འཛིན་རླུང་དང་། དེ་བཞིན་ལག་ཤུབས་དང་ཁ་རས་སོགས་ནད་ཡམས་སྔོན་འགོག་ལ་ཕན་པའི་དངོས་པོ་མང་པོ་ཞིག་མཐུན་རྐྱེན་སྦྱོར་སྤྲོད་གནང་ཞིང་། སེར་བྱེས་གྲྭ་ཚང་གི་འཕྲོད་བསྟེན་ཞབས་ཞུ་ལས་ཁང་ནས་ཁོང་རྣམ་པར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་གནང་འདུག
དེ་བཞིན་འདི་ག་རླུང་འཕྲིན་ཁང་གིས་གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། རྒྱ་གར་འབྲས་ལྗོངས་ཁུལ་གྱི་དགོན་སྡེ་ཁག་གི་དགེ་འདུན་པའི་ཁྲོད་ཀོ་ཝིཌ་༡༩་ཏོག་དབྱིབས་ནད་ཡམས་འགོས་པའི་ནད་པའི་གྲངས་འབོར་ཇེ་མང་དུ་འགྲོ་བཞིན་པ་དང་། ཉིན་ཤས་ཁུལ་དེའི་སྔོན་དགོན་སྡེ་ཁག་ཅིག་གི་ནང་ཏོག་དབྱིབས་རིམས་ནད་འགོས་པའི་ནད་པ་༩༨་ཙམ་ཐོན་ཡོད་པ་དང་། དེའི་ཁྲོད་འབྲས་ལྗོངས་དགོན་བྱང་ཨོ་རྒྱན་མདོ་སྔགས་ཆོས་འཁོར་གླིང་དགོན་པར་ནད་པ་གྲངས་༦༡་དང་། གདན་ས་རུམ་བཏེག་ཤེས་སྒྲུབ་ཆོས་འཁོར་གླིང་དགོན་པའི་ནང་ནས་ནད་པ་༣༧་ཐོན་ཡོད་པ་འབྲས་གཞུང་གསོ་རིག་སྨན་པ་བསོད་ནམས་ཚེ་རིང་ལགས་ཀྱིས་ངོ་སྤྲོད་གནང་བྱུང་།
དེ་བས་འབྲས་ལྗོངས་མངའ་སྡེ་གཞུང་ཕྱོགས་ནས་ཛ་དྲག་གི་གནས་སྟངས་འོག་ཟླ་འདིའི་ཕྱི་ཚེས་༡༧་ནས་༣༡་བར་ཁྱིམ་སྡོད་བཀའ་ཁྱབ་བཏང་ཡོད་པ་མ་ཟད། ས་ག་ཟླ་བའི་རིང་དགོན་སྡེ་ཁག་ནང་ཆོས་ཕྱོགས་དང་འབྲེལ་བའི་འདུ་འཛོམས་རིགས་གནང་མི་ཆོག་པའི་བཀོད་ཁྱབ་བཏང་འདུག
དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཏོག་དབྱིབས་ནད་ཡམས་ཛ་དྲག་ལས་དོན་ཚོགས་ཆུང་གི་གནས་ཚུལ་གཞིར་བཞག་ན། འདི་ཚེས་༢༤་བར་རྒྱ་བལ་འབྲུག་གསུམ་གྱི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་། བོད་མི་ཏོག་དབྱིབས་ནད་ཡམས་འགོས་ཁྱབ་བྱུང་བ་མི་གྲངས་༤༡༨༨་ཐོན་པ་དང་། བོད་མི་༡༠༦་རྐྱེན་འདས་སུ་གྱུར་ཟིན་པ། ད་ལྟ་ནད་མནར་༡༥༨༩་ཡོད་འདུག
དེ་བཞིན་རྒྱ་གར་གྱི་ཁྱིམ་མཚེས་རྒྱལ་ཁབ་བལ་ཡུལ་ནང་དུ་ཡང་གློ་བུར་ཀོ་ཝིཌ་༡༩་ཏོག་དབྱིབས་ནད་ཡམས་འགོས་ཁྱབ་ཀྱི་གྲངས་ཚད་ཤུགས་ཆེན་འཕར་བཞིན་པ་དང་། བལ་ཡུལ་ནང་གནས་སྡོད་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ཏོག་དབྱིབས་ནད་ཡམས་འགོས་བའི་ནད་པའི་གྲངས་འབོར་འཕར་ནས་དཀའ་ངལ་འཕྲད་བཞིན་པ་རེད།
རྒྱ་གར་ནང་ནད་ཡམས་འགོས་ཁྱབ་བྱུང་བ་ནས་ཕྱི་ཟླ་༥་བའི་ཚེས་༢༤་ཉིན་གྱི་དགོང་མོ་བར། རྒྱ་གར་རྒྱལ་ཡོངས་ནང་ཏོག་དབྱིབས་རིམས་ནད་ཕོག་པའི་ནད་པའི་གྲངས་འབོར་ས་ཡ་ཉི་ཤུ་རྩ་དྲུག་དང་དགུ་འབུམ་གསུམ་ཁྲི་ལྷག་བརྒལ་ནས་དེའི་ཁྲོད་ཀྱི་མི་གྲངས་འབུམ་གསུམ་དང་དྲུག་སྟོང་ལྷག་འདས་གྲོངས་སུ་ཕྱིན་ཡོད་འདུག
སྤྱི་ལོ་༢༠༡༩་ལོའི་ཕྱི་ཟླ་བཅུ་གཉིས་པའི་ནང་། ཀོ་ཝིཌ་༡༩་(Covid-19)་ཏོག་དབྱིབས་ནད་ཡམས་དེ་ཐོག་མར་རྒྱ་ནག་གི་ཝུའུ་ཧན་གྲོང་ཁྱེར་ནས་མཆེད་པ་ནས་བཟུང་། འདི་ཚེས་༢༤་བར་འཛམ་གླིང་གི་རྒྱལ་ཁབ་དང་། ཡུལ་གྲུ་ཁག་༢༡༠་ལྷག་གི་ནང་ནད་ཡམས་དེ་ཁྱབ་གདལ་ཕྱིན་ནས། ད་བར་འཛམ་གླིང་ཁྱོན་ཡོངས་སུ་ཏོག་དབྱིབས་གསར་བའི་ནད་ཡམས་འགོས་ཡོད་པའི་ནད་པ་མི་གྲངས་ས་ཡ་བརྒྱ་དང་དྲུག་ཅུ་རེ་བདུན་དང་འབུམ་བཞི་བརྒལ་ཡོད་པའི་ཁྲོད། མི་གྲངས་ས་ཡ་གསུམ་དང་འབུམ་བཞི་ཁྲི་བདུན་ལྷག་རྐྱེན་འདས་སུ་ཕྱིན་ཡོད་པ་རེད།

sera-jey.jpg

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།