རྒྱ་ནག་ཀྲེ་ཅང་ཞིང་ཆེན་ནང་ཕུང་པོ་བསྲེགས་པའི་གྲངས་འབོར་བརྒྱ་ཆ་བདུན་ཅུ་ཇེ་མང་ལ་སོང་འདུག
རྒྱ་ནག་གི་ཀྲེ་ཅིང་(Zhejiang)་ཞིང་ཆེན་དུ་༢༠༢༣ལོའི་འགོ་སྟོད་ཟླ་བ་གསུམ་གྱི་ནང་། ཕུང་པོ་སྲེག་ཡུལ་ཁག་ནང་ཕུང་པོ་མེར་སྲེག་པའི་གྲངས་ཚད་བརྒྱ་ཆ་༧༠ཐམ་པ་མང་དུ་ཕྱིན་ཡོད་པ་རྒྱ་ནག་གི་གཞུང་འབྲེལ་ཐོ་གཞུང་ནང་གསལ་འདུག་ཅིང་། དེ་ལ་འགྲེལ་བཤད་གང་ཡང་བྱས་མེད་པ་རོའི་ཡེ་ཊར་གསར་ལས་ཁང་གིས་གནས་ཚུལ་སྤེལ་འདུག
རྒྱ་ནག་(Zhejiang)་ཞིང་ཆེན་ནི་རྒྱ་ནག་གི་མི་འབོར་བརྒྱ་ཆ་ལྔ་ཙམ་གནས་ཡུལ་ཞིག་ཡིན་པ་དང་། ༢༠༢༢ལོར་ཞིང་ཆེན་དེའི་ཕུང་པོ་སྲེག་སྦྱང་ཁང་དུ་ཕུང་པོ་མེར་སྲེག་བཏང་བ་གྲངས་༩༩༠༠༠བྱུང་ཡང་། ༢༠༢༣ལོའི་འགོ་སྟོད་ཀྱི་ཟླ་བ་གསུམ་གྱི་ནང་ཕུང་པོ་མེར་སྲེག་གི་དེབ་སྐྱེལ་བྱ་མཁན་གྲངས་༡༧༡༠༠༠བྱུང་ཡོད་པ་ཞིང་ཆེན་གྱི་སྤྱི་ཚོགས་ལས་དོན་གྱི་དྲ་རྒྱའི་ཐོག་བཀོད་ཡོད་པ་རེད། སྔ་ལོ་ཕྱི་ཟླ་༡༢པའི་ནང་རྒྱ་ནག་གཞུང་གིས་གློ་བུར་དུ་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་ཁྱིམ་སྡོད་བཀག་རྒྱའི་དམ་དྲག་གི་སྲིད་ཇུས་ཕྱིར་འཐེན་བྱས་པའི་སྐབས། དང་ཐོག་གི་ཟླ་བ་གཉིས་ནང་རྒྱལ་ཡོངས་སྨན་ཁང་ཁག་ནང་མི་གྲངས་༨༠༠༠༠ཐམ་པ་ཏོག་དབྱིབས་ནད་ཡམས་རྐྱེན་གྱིས་འདས་གྲོངས་སུ་ཕྱིན་ཡོད་པ་རྒྱ་གཞུང་གི་བརྗོད་ཡོད་རུང་། རྒྱ་ནག་གཞུང་གིས་ཏོག་དབྱིབས་ནད་ཡམས་དང་འབྲེལ་མི་འཆི་སྐྱོན་གྱི་གྲངས་ཐོ་ཁ་གསལ་སྤྲོད་ཀྱི་མེད་པ་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་སྐྱོན་བརྗོད་བྱས་ཡོད་པ་མ་ཟད། ནད་ཡམས་དཔྱད་རིག་པ་ཚོས། རྒྱ་ནག་ནང་ཏོག་དབྱིབས་ནད་ཡམས་དང་འབྲེལ་མི་གྲངས་ས་ཡ་གཉིས་འདས་གྲོངས་སུ་ཕྱིན་ཡོད་པའི་ཚོད་དཔག་བྱེད་བཞིན་ཡོད་པ་རེད།
གནས་ཚུལ་ནང་གསལ་བར། (Zhejiang)་ཞིང་ཆེན་གྱི་སྤྱི་ཚོགས་ལས་དོན་ཚན་པས་ཕུང་པོ་སྲེག་སྦྱང་ཁང་དུ་ཕུང་པོ་མེར་སྲེག་གི་གྲངས་ཚད་ཧ་ཅང་མཐོ་རུ་ཕྱིན་ཡོད་པའི་སྙན་ཐོའི་ནང་འཆི་སྐྱོན་གྱི་རྒྱུ་མཚན་གསལ་ཁ་བཏོན་མེད་པའི་ཁར། ད་ཆ་དྲྭ་རྒྱ་ནས་གནས་ཚུལ་དེ་ཡང་ཕྱིར་འཐེན་བྱས་ཡོད་ཅིང་། བརྒྱུད་ལམ་ཁག་གིས་དེའི་ཐད་འདྲི་རྩད་བྱས་པར་ལན་འདེབས་གང་ཡང་བྱུང་མིན་འདུག
༢༠༢༩ལོར་རྒྱ་ནག་ནང་ཏོག་དབྱིབས་ནད་ཡམས་ཐོག་མར་འགོས་ཁྱབ་བྱུང་སྐབས། རྒྱ་ནག་གཞུང་ནས་རྒྱ་ནག་རྒྱལ་ཡོངས་སུ་ནད་ཡམས་རྩ་མེད་བཟོ་བ་ཟེར་བའི་དམ་དྲག་གི་སྲིད་ཇུས་ལག་བསྟར་བྱས་ཡོད་ཅིང་། དེའི་རྗེས་༢༠༢༢ལོར་རྒྱལ་ས་པེ་ཅིང་དང་། ཧྲང་ཧེ་(Shanghai)་གྲོང་ཁྱེར་ལ་སོགས་པའི་གྲོང་ཁྱེར་ཆེ་ཁག་ནང་མང་ཚོགས་ཁྲོད་ནས་དམ་དྲག་གི་སྲིད་ཇུས་ལ་ངོ་རྒོལ་རིམ་པ་བྱུང་བའི་རྗེས། ༢༠༢༢ལོའི་ཕྱི་ཟླ་༡༢པའི་ནང་གློ་བུར་དུ་རྒྱ་ནག་གཞུང་གིས་གྲ་སྒྲིག་གང་ཡང་མེད་པར་ཏོག་དབྱིབས་རྩ་མེད་བཟོ་བ་ཟེར་བའི་དམ་དྲག་གི་སྲིད་ཇུས་ཡོངས་སུ་ཕྱིར་འཐེན་བྱས་ཡོད་པ་རེད།།
གསར་འགོད་པ། དོན་གྲུབ་རྣམ་རྒྱལ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།