ཚེས་ཉི་ཤུ་ཉིན་བོད་རང་སྐྱོང་ལྗོངས་ཟེར་བ་ཁྱོན་ཡོངས་སུ་ཏོག་དབྱིབས་རིམས་ནད་འགོས་བའི་ནད་པ་མི་གྲངས་༥༡ཐོན་འདུག

2022.09.20
Share on WhatsApp
Share on WhatsApp
ཚེས་ཉི་ཤུ་ཉིན་བོད་རང་སྐྱོང་ལྗོངས་ཟེར་བ་ཁྱོན་ཡོངས་སུ་ཏོག་དབྱིབས་རིམས་ནད་འགོས་བའི་ནད་པ་མི་གྲངས་༥༡ཐོན་འདུག ལྷ་སར་ཏོག་དབྱིབས་རིམས་ནད་འགོས་ཡོད་པའི་ནད་པ་ཟུར་བཀག་ཁང་ཞིག་གི་ནང་། ༠༩།༢༠༢༢
སྤྱི་ཚོགས་དྲ་ལམ།

བོད་ནང་ཏོག་དབྱིབས་རིམས་ནད་འགོས་ཁྱབ་བྱུང་བའི་གྲངས་ཐོ། ༢༠༢༢།༠༩།༢༠ཉིན་རྒྱབ་བར།

ས་གནས། སྔར་ཡོད། འཕར་བ། ནད་རྟགས་ཅན། ནད་རྟགས་མི་མངོན་པ། ཁྱོན་བསྡོམས།
བོད་རང་སྐྱོང་ལྗོངས་ཟེར་བ་ཁྱོན་ཡོངས། ༡༦༨༧༠ ༥༡ ༥༡ ༡༦༩༢༡

བོད་ནང་ཏོག་དབྱིབས་རིམས་ནད་འགོས་ཁྱབ་བྱུང་བའི་གྲངས་ཐོ། ༢༠༢༢།༠༩།༡༩ཉིན།

ས་གནས། སྔར་ཡོད། འཕར་བ། ནད་རྟགས་ཅན། ནད་རྟགས་མི་མངོན་པ། ཁྱོན་བསྡོམས།
བོད་རང་སྐྱོང་ལྗོངས་ཟེར་བ་ཁྱོན་ཡོངས། ༡༦༦༩༤ ༡༧༦ ༡༦ ༡༦༠ ༡༦༨༧༠

འདི་ཚེས་༢༠ཉིན་བོད་རང་སྐྱོང་ལྗོངས་ཟེར་བ་ཁྱོན་ཡོངས་སུ་ཏོག་དབྱིབས་རིམས་ནད་འགོས་ཁྱབ་བྱུང་བ་མི་གྲངས་༥༡འཕར་ནས་ད་བར་བསྡོམས་འབོར་མི་གྲངས་༡༦༩༢༡ཟིན་འདུག་ཀྱང་ཉིན་རེའི་འཕར་ཅུང་མར་ཆག་ཚུལ་བསྟན་འདུག
རྒྱ་ནག་གིས་འབོད་པའི་བོད་རང་སྐྱོང་ལྗོངས་ཟེར་བ་གཙོས་བོད་ཀྱི་ས་ཁུལ་གང་སར་ཏོག་དབྱིབས་ནད་ཡམས་འགོས་ཁྱབ་ཀྱི་གྲངས་འབོར་མུ་མཐུད་དུ་འཕར་བཞིན་པ་དང་། འདི་ཚེས་༢༠ཉིན་གྱི་ཉིན་རྒྱབ་བར། བོད་རང་སྐྱོང་ལྗོངས་ཟེར་བའི་ནང་ཏོག་དབྱིབས་ནད་ཡམས་འགོས་ཡོད་པ་ནད་རྟགས་ཅན་ཐོན་མེད་ན་ཡང་། ནད་རྟགས་མི་མངོན་པའི་ནད་པ་༥༡མང་དུ་ཕྱིན་ཡོད་པ་རྣམས་ལྷ་ས་གྲོང་ཁྱེར་དུ་ཡིན་འདུག གཞན་དེའི་སྔར་ཉིན་སྤྱི་ཚེས་༡༩ཉིན་གྱི་ཆུ་ཚོད་ཉེར་བཞིའི་རིང་། བོད་རང་སྐྱོང་ལྗོངས་ཟེར་བ་ཡོངས་སུ་ཏོག་དབྱིབས་ནད་ཡམས་ཕོག་པ་ནད་རྟགས་ཅན་༡༦མང་དུ་ཕྱིན་ཡོད་པ་དང་། ནད་རྟགས་མེད་པའི་ནད་པ་༡༦༠མང་དུ་ཕྱིན་ཡོད་པ་ནས་མང་པོ་ཞིག་ལོགས་བཀར་ལྟ་སྡོམ་ཁུལ་ནས་ཤེས་རྟོགས་བྱུང་བ། བོད་རང་སྐྱོང་ལྗོངས་ཟེར་བའི་ཏོག་གསར་གློ་ཚད་རིམས་ནད་འགོག་ཟོན་བྱེད་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་ཞེ་གཉིས་པའི་ཐོག་བསྒྲགས་འདུག་པ་ལྟར། ནད་ཡམས་འགོས་ཁྱབ་བྱུང་བ་ནས་བསྡོམས་རྩིས་བྱས་ན་འདི་ཚེས་༢༠ཉིན་གྱི་ཉིན་རྒྱབ་ཆུ་ཚོད་གཉིས་བ་བར་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་ཁྱོན་ཡོངས་སུ་ཏོག་དབྱིབས་རིམས་ནད་འགོས་ཁྱབ་བྱུང་བ་མི་གྲངས་༡༦༩༢༡ཟིན་འདུག་ལ། དེའི་ཁྲོད་ནས་མང་པོ་ཞིག་དྲག་སྐྱེད་བྱུང་ནས་ས་ཁུལ་འདྲ་མིན་གྱི་ལོགས་བཀར་སྨན་ཁང་ནས་ཐོན་དང་ཐོན་བཞིན་པ་ཡང་བསྒྲགས་འདུག
ནད་ཡམས་ཁྱབ་གདལ་གྱི་གནས་སྟངས་ལྟར། འདི་ཚེས་༢༠ཉིན་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་ནད་ཡམས་ཁྱབ་གདལ་གྱི་ཉེན་ཁ་ཆེ་ཁུལ་ས་གནས་༡༨དང་། ཉེན་ཁ་འབྲིང་ཁུལ་༡༡༦ཡོད་པ་བསྒྲགས་འདུག་ལ། ནད་པ་དང་ཕྱོགས་འདྲ་མིན་ནས་འབྲེལ་འདྲིས་བྱུང་བ་མང་པོ་མུ་མཐུད་དུ་གཅིག་བསྡུས་ཐོག་ལོགས་སུ་བཀར་ནས་ལྟ་ཞིབ་བྱེད་བཞིན་ཡོད་འདུག
བོད་ཀྱི་རྒྱལ་ས་ལྷ་ས་གྲོང་ཁྱེར་ནང་རྒྱ་ནག་གཞུང་གིས་ཁྱིམ་སྡོད་བཀའ་རྒྱ་བསྡམས་ནས་ཉིན་གྲངས་༤༠འགྲོ་བཞིན་པ་དང་། དེའི་རིང་ཟུར་བཀག་དང་ཁྱིམ་སྡོད་བཀག་རྒྱའི་འོག་གཞུང་གིས་ལྟ་རྟོག་ཡག་པོ་མི་བྱེད་པ་དང་། ནད་རྟགས་ཡོད་མེད་ཚང་མ་ཅ་དངོས་འཇོག་སའི་དོས་ཁང་སོགས་སུ་ཟུར་བཀག་བྱེད་པ། ཟ་མ་རྙིང་པ་སྤྲོད་པ། བྱིས་བ་དང་རྒན་རྒོན་མང་པོ་ཟུར་བཀག་བྱས་ཡོད་པ་སོགས་མི་མང་གིས་མི་འདོད་པའི་རྣམ་འགྱུར་དང་བསམ་འཆར་བཏོན་པའི་བརྙན་དང་པར་སྤྱི་ཚོགས་བརྒྱུད་ལམ་ཁག་ནང་ཇེ་མང་དུ་སོང་བའི་རྗེས། ཚེས་༡༧ཉིན་ལྷ་ས་གྲོང་ཁྱེར་གྱི་སྤྱི་ཁྱབ་གཞོན་པ་དགྲ་འདུལ་གྱིས་གསར་འགོད་གསལ་བསྒྲགས་ཤིག་གི་ཐོག་ནད་ཡམས་སྔོན་འགོག་ཚོད་འཛོན་ལས་དོན་ཐད་འཐུས་ཤོར་སོང་བར་དགོངས་སེལ་ཞུས་ཡོད་ཀྱང་། མི་མང་གིས་བསམ་འཆར་བཏོན་པའི་བརྙན་དང་པར་རིགས་དྲ་ལམ་ནས་ཐད་ཀར་ནག་བསུབ་གཏོང་བཞིན་ཡོད་འདུག
བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ཀྱིས། རྒྱ་ནག་དམར་ཤོག་ཚོགས་པའི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་༢༠པ་དེ་སྤྱི་ཟླ་༡༠ པའི་༡༦ཉིན་པེ་ཅིང་དུ་འཚོགས་གཏན་འཁེལ་ཡོད་པ་དང་། ཞི་ཅིན་ཕིང་གིས་སླར་ཡང་རང་ཉིད་སྲིད་འཛིན་དུ་འདུག་ཐུབ་རྒྱུའི་རེ་བ་བྱེད་ཀྱི་ཡོད་པ་མ་ཟད། ཏོག་དབྱིབས་ནད་ཡམས་ཁྱབ་གདལ་དང་ཚོགས་ཆེན་དེ་གཉིས་བར་འབྲེལ་བ་ཡོད་པ་གནད་དོན་དབྱེ་ཞིབ་པ་ཚོས་འགྲེལ་བརྗོད་བྱེད་ཀྱི་ཡོད་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུང་ཡོད།
གཞན་ཚེས་༡༩ཉིན། མཚོ་སྔོན་རྨ་ལྷོ་ཁུལ་དུ་ཏོག་དབྱིབས་ནད་ཡམས་འགོས་ཁྱབ་བྱུང་བའི་ནད་པ་༡ཐོན་ཡོད་པ་དང་། ནད་པ་དེ་ལྷ་ས་ནས་རྨ་ལྷོ་ཁུལ་དུ་ཕྱིར་ལོག་ནས་ཡོང་མཁན་གྲས་ཡིན་འདུག
དེ་ལྟར་དེང་སང་རྒྱ་ནག་སྤྱི་དང་བྱེ་བྲག་བོད་རང་སྐྱོང་ལྗོངས་ཟེར་བས་མཚོན་བོད་ཀྱི་ས་ཁུལ་ཁག་ཏུ་(Covid-19)་ཏོག་དབྱིབས་རིམས་ནད་དང་རྣམ་པ་འགྱུར་བའི་ཏོག་དབྱིབས་རིམས་ནད་འགོས་ཁྱབ་ཤུགས་ཆེར་འགྲོ་བཞིན་པ་དང་བསྟུན། ས་གནས་གང་སར་ཕྱོགས་འདྲ་མིན་ནས་དམ་དྲག་དང་བཀག་སྡོམ་བྱས་ཡོད་རྐྱེན། ཁ་གསལ་ཡོད་མིན་ལ་མ་བལྟོས་བར་འདི་ག་རླུང་འཕྲིན་ཁང་གིས་རྒྱ་ནག་གཞུང་འབྲེལ་གྱི་གྲངས་ཐོ་བཏོན་པ་ཙམ་ལས། དོན་དངོས་བོད་ཀྱི་ས་ཁུལ་སྤྱི་ཡོངས་སུ་ཏོག་དབྱིབས་རིམས་ནད་འགོས་པའི་གྲངས་འབོར་དང་དངོས་ཡོད་གནས་སྟངས་གསལ་བོ་རག་ཁག་པོ་འདུག

གསར་འགོད་པ། ཀླུ་འབུམ།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བསྟན་འཛིན་དཀོན་མཆོག་ལགས་ཀྱིས་ཡུ་ཀྲུབ་སྤྱི་ཚོགས་དྲ་ལམ་ཐོག་རྗེས་འབྲང་པ་ས་ཡ་གཅིག་ལྷག་བྱུང་བ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎