བཀའ་ཤག་གིས་བོད་ཀྱི་མ་འོངས་འགན་སྲུང་དང་འབྲེལ་བའི་ཕུགས་དམིགས་ཡིག་ཆ་འདོན་སྤེལ་གནང་འདུག

2023.04.10
བཀའ་ཤག་གིས་བོད་ཀྱི་མ་འོངས་འགན་སྲུང་དང་འབྲེལ་བའི་ཕུགས་དམིགས་ཡིག་ཆ་འདོན་སྤེལ་གནང་འདུག བཀའ་ཤག་གིས་བོད་ཀྱི་མ་འོངས་འགན་སྲུང་དང་འབྲེལ་བའི་ཕུགས་དམིགས་ཡིག་ཆ་འདོན་སྤེལ་གནང་སྐབས། ༠༤།༡༠།༢༠༢༣
CTA

ཟླ་བ་འདིའི་ཕྱི་ཚེས་༡༠ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ཚོགས་ཁང་དུ། བཀའ་ཤག་སྐབས་བཅུ་དྲུག་པའི་ངོས་ནས་བོད་ཀྱི་མ་འོངས་འགན་སྲུང་དང་འབྲེལ་བའི་ཕུགས་དམིགས་ཡིག་ཆ་ཞེས་པ་ཞིག་འདོན་སྤེལ་དབུ་འབྱེད་གནང་ཡོད་པ་དང་། ཕྱི་ལོ་༢༠༢༡ནས་ཕྱི་ལོ་༢༠༢༦བར་གྱི་བོད་ཀྱི་མ་འོངས་འགན་སྲུང་ཕུགས་དམིགས་ཡིག་ཆ་དེའི་ནང་། ལེའུ་གལ་ཆེ་ཁག་གསུམ་ཡོད་པ་ནས། གཙོ་བོ་དབུ་མའི་ལམ་བརྒྱུད་བོད་དོན་བདེན་མཐའ་གསལ་ཐབས་དང་། བཙན་བྱོལ་བོད་མིའི་སྤྱི་ཚོགས་བདེ་དོན་ལྟ་སྐྱོང་། བོད་མིའི་སྒྲིག་འཛུགས་ཀྱི་ནུས་ཤུགས་གོང་སྤེལ་གཏོང་ཕྱོགས་ཀྱི་འཆར་གཞི་ལས་དོན་ཁག་དང་། དེ་དག་གནད་སྨིན་སྒྲུབ་ཐབས་ཇི་ཡོད་གསེད་བཀྲོལ་གནང་ཡོད་འདུག

340087337_174454338804330_7809624086766421141_n.jpg
སྐབས་དེར་སྲིད་སྐྱོང་མཆོག་གིས། བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་ང་ཚོས་དངོས་ཡོད་གནས་ཚུལ་གཉིས་ཤེས་དགོས་རྒྱུ་གལ་ཆེ་ཡིན་པ་གསུངས་གནང་སོང་ལ། དེ་བཞིན་ད་བར་ང་ཚོའི་བཙན་བྱོལ་སྤྱི་ཚོགས་དེ་བཞིན་འདྲ་འདྲའི་ནང་ནས་མ་འདྲ་བ་ཞིག་ཆགས་ཐུབ་པ་དེ་གཙོ་བོ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་ཉག་གཅིག་དང་། ལྷག་པར་དུ་བོད་ནང་གི་བོད་མིའི་སྙིང་སྟོབས། དེ་བཞིན་མི་རབས་རྒན་པ་ཚོས་སྐུ་ལས་སྐྱོན་པའི་འབྲས་བུ་ཞིག་དང་། དེ་མིན་ཆབ་སྲིད་དང་སྤྱི་ཚོགས་བདེ་དོན་ཐོག་༧གོང་ས་མཆོག་ལས་ལྷག་པ་ཞིག་མེད་པ་ཡིན་དུས་སྐབས་བཅུ་དྲུག་པའི་བཀའ་ཤག་གི་ངོས་ནས་ཆབ་སྲིད་དང་སྤྱི་ཚོགས་ཀྱི་ལས་དོན་གང་ཡིན་རུང་ཚང་མ་༧གོང་ས་མཆོག་གི་དགོངས་པ་དང་མཐུན་པའི་ཐོག་ནས་ཤར་བསྐྱོད་བྱ་རྒྱུ་ཡིན་སྐོར་གསུངས་གནང་སོང་།
ཡང་སྲིད་སྐྱོང་མཆོག་གིས། ང་ཚོ་བཙན་བྱོལ་ནང་གནས་ནས་ལོ་༦༣ལྷག་ཕྱིན་ཡོད་ན་ཡང་། རྒྱ་གར་གྱི་ས་གནས་མང་པོ་ཞིག་གི་ནང་ད་དུང་ཡང་བོད་པའི་གནད་དོན་ཡག་པོ་ཤེས་མཁན་དཀོན་པོ་ཡིན་དུས། གཞི་རིམ་ནས་ང་ཚོས་བོད་ཀྱི་གནད་དོན་དེ་ད་དུང་གོ་རྟོགས་མང་ཙམ་སྤེལ་དགོས་རྒྱུ་གལ་ཆེ་ཡིན་པ་གསུང་བ་དང་། བོད་ཀྱི་ཆོས་དང་རིག་གཞུང་གི་གལ་གནད་དང་འབྲེལ་བའི་སྐོར་གསུངས་སྐབས། དེང་སྐབས་འཛམ་གླིང་ས་ཕྱོགས་གང་སར་དམག་འཁྲུག་དང་དཀའ་ངལ་ཡོང་དང་ཡོང་བཞིན་པའི་དུས་སྐབས་འདིར། སྟོན་པ་བཅོམ་ལྡན་འདས་ཀྱིས་གསུངས་པའི་བྱམས་སྙིང་རྗེ་དང་འཚེ་བ་མེད་པ་དེ་བཞིན་༧གོང་ས་མཆོག་གིས་དུས་དང་རྣམ་པ་ཀུན་ཏུ་གསུང་གནང་བཞིན་པའི་བཀའ་སློབ་རྣམས། ད་ལྟའི་དུས་རབས་དང་རན་པ་ཞིག་ཆགས་ཡོད་པ་དང་། ལྷག་པར་དུ་བོད་པའི་འཐབ་རྩོད་འདི་ཡང་འཚེ་བ་མེད་པ་ལ་རྟེན་ནས་ཐབས་ལམ་ཞིག་འཚོལ་བཞིན་ཡོད་དུས་བོད་ཀྱི་ཆོས་དང་རིག་གཞུང་གི་གལ་གནད་སྐོར་མང་ཚོགས་ལ་འགྲེལ་བཤད་གནང་རྒྱུ་གལ་ཆེ་ཡིན་པ་གསུངས་སོང་།
ད་དུང་སྲིད་སྐྱོང་མཆོག་གིས། དེ་སྔོན་འོས་བསྡུའི་དྲིལ་བསྒྲགས་སྐབས་དམ་བཅས་པ་བཞིན་འདས་པའི་ལོ་ངོ་གཉིས་རིང་འཆར་གཞི་འཆར་འགོད་ཀྱིས་བོད་ཀྱི་མ་འོངས་འགན་སྲུང་ཆེད་ཕུགས་དམིགས་ཡིག་ཆ་ཞིག་བཟོ་ཐུབ་པ་བྱུང་ཡོད་པས། ད་ནི་ཡིག་ཆ་དེ་ཉིད་རྩ་འཛིན་ལམ་སྟོན་དུ་འཛིན་རྒྱུ་ཡིན་དུས་སྲི་ཞུའི་ལས་བྱེད་ཚང་མས་ལྟ་ཀློག་བྱེད་དགོས་བ་གསུངས་ཡོད་པ་རེད།

340169473_1692540924511368_1611201920292125128_n.jpg
ཐེངས་འདིའི་དབུ་འབྱེད་མཛད་སྒོའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་གཙོས། ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་ལགས་དང་། བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་ལགས། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཞུ་བ་ཡོངས་དང་། དེ་མིན་གཞུང་འབྲེལ་མིན་པའི་རོགས་དངུལ་ཚོགས་པ་ཁག་ཅིག་གི་སྐུ་ཚབ། དྲ་ཐོག་བརྒྱུད་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ཁག་དང་རྒྱ་གར་ནང་གིས་ས་གནས་འགོ་འཛིན་རྣམ་པ་བཅས་མཉམ་ཞུགས་གནང་ཡོད་པ་རེད།


གསར་འགོད་པ། པ་སངས་ཚེ་རིང་།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
སྤྱི་ནོར་༧གོང་ས་མཆོག་འདི་ཚེས་༢༢ཉིན་ཕྱིར་བཞུགས་སྒར་རྡ་རམ་ས་ལར་ཆིབས་བསྒྱུར་མཛད་ཀྱི་ཡོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་ཀར་ཎ་ཀྲ་ཀ་མངའ་སྡེའི་རྫོང་ཁག་གི་བློན་ཆེན་ལ་རྒྱ་གར་དབུས་སའི་གཞུང་ནས་བོད་མིར་རྒྱབ་སྐྱོར་མཐུན་གྲོགས་གནང་བར་ཐུགས་རྗེ་ཆེ་ཞེས་བཀའ་སྩལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎