པ་སངས་ཚེ་རིང་ལགས་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་ཚོགས་མིར་འདེམས་བསྐོ་བྱུང་བ་ལྟར་ལས་འཁུར་དམ་འབུལ་ཞུས་འདུག

སྤྱི་ཟླ་༧པའི་ཚེས་༥ཉིན། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་ཁང་དུ། ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་སློབ་སྤྱི་པ་སངས་ཚེ་རིང་ལགས་ཀྱིས། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་ཀྱི་མདུན་ནས། བོད་མིའི་སྒྲིག་འཛུགས་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་ཚོགས་མིའི་དམ་འབུལ་ཞུས་སོང་ལ། དམ་འབུལ་སྐབས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་དང་། དེ་བཞིན་སྤྱི་འཐུས་རྒྱུན་ལས་རྣམ་པ་བཅས་ལྷན་བཞུགས་གནང་ཡོད་པ་རེད།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་འདེམས་ཐོན་ཚོགས་མི་པ་སངས་ཚེ་རིང་ལགས་སུ་མ་འོངས་པའི་ལས་འཆར་ཐོག་བཀའ་འདྲི་ཞུས་སྐབས། ཁོང་གིས། ཐེངས་འདིར་ཁོང་འདེམས་བསྐོ་ལྷན་ཁང་གི་ཚོགས་མིར་བདམས་ཐོན་བྱུང་བ་ནི། སོ་སོའི་འོས་འགན་དང་སྤྱི་ཚོགས་ཞབས་ཞུའི་གོ་སྐབས་ཞིག་ཐོབ་པར་དགའ་ཚོར་ཆེན་པོ་བྱུང་ལ། མ་འོངས་པར་སྒྲིག་འཛུགས་ཀྱི་ལས་ཀ་ཚགས་ཚུད་ཡོང་སླད། ལས་དོན་ཐད་ལྷག་བསམ་རྣམ་དག་གིས་འབད་བརྩོན་བྱེད་རྒྱུ་ཡིན་ཞེས་གསུངས་བྱུང་།
དེ་སྔོན་ཕྱི་ཟླ་༦ཚེས་༢༤ཉིན་བཅའ་ཁྲིམས་དོན་ཚན་༡༠༡་གི་ནང་གསེས་༢པའི་དགོངས་དོན། “གལ་ཏེ་འདེམས་བསྐོ་ལྷན་ཁང་གི་ཚོགས་གཙོ་དང་ཚོགས་མི་སུ་རུང་གྲོས་ཚོགས་མ་འཚོགས་པའི་སྐབས་བསྐོ་གཞག་བྱེད་དགོས་བྱུང་ཚེ་གོང་གསལ་འདེམས་སྒྲུག་ཚོགས་ཆུང་གིས་འཆར་འབུལ་ཞུས་པའི་ནང་ནས་སྤྱི་འཐུས་རྒྱུན་ལས་ཀྱི་རྩ་འབོར་གསུམ་ཆ་གཉིས་ཡན་གྱི་མོས་མཐུན་ཐོག་བསྐོ་གཞག་བྱེད་དགོས།”་ཞེས་པའི་ཆ་རྐྱེན་འོག་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་སློབ་སྤྱི་པ་སངས་ཚེ་རིང་ལགས་དང་། རྣམ་རྒྱལ་གྲྭ་ཚང་སློབ་གཉེར་ཁང་གི་སློབ་སྤྱི་ཐུབ་བསྟན་ཡར་འཕེལ་ལགས་རྣམ་གཉིས་འཆར་འབུལ་བྱུང་བར། བོད་མི་མང་སྤྱི་འཐུས་སྐབས་༡༧པའི་རྒྱུན་ལས་ལྷན་ཚོགས་ཐེངས་༡༥༤པའི་ཐོག་སྤྱི་འཐུས་རྒྱུན་ལས་༡༡ནས་སྤྱི་མོས་ཐོག་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་སློབ་སྤྱི་པ་སངས་ཚེ་རིང་ལགས་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་ཚོགས་མིར་བསྐོ་གཞག་གནང་བ་ཡིན་འདུག
སཱ་ར་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་སློབ་སྤྱི་པ་སངས་ཚེ་རིང་ལགས་ནི། ཕྱི་ལོ་༢༠༠༨ ནས་༢༠༠༩བར་ཨ་རིའི་ཝའོ་མིང་གཙུག་ལག་སློབ་གྲྭར་(Wyoming University)་བོད་མིའི་སློབ་ཡོན་ལས་གཞི་(Tibetan Scholarship Program)་བརྒྱུད། ཤེས་ཡོན་འཛིན་སྐྱོང་དང་མི་རབས་རྒན་པའི་སློབ་གསོ་རིག་པ་སློབ་གཉེར་གནང་། དེའི་རྗེས་ཕྱི་ལོ་༢༠༡༦ལོའི་ཟླ་༥པའི་ནང་ས་རཱ་མཐོ་སློབ་ཀྱི་དྲུང་ཆེའི་ལས་ཁུར་ཞུས། ཕྱི་ལོ་༢༠༡༦ཟླ་༦པའི་ཚེས་༡ནས་བཟུང་ད་བར་དུ་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་སློབ་སྤྱིའི་ལས་ཁུར་ཞུ་མུས་ཡིན་པ་རེད།
གསར་འགོད་པ། བདེ་ཆེན་དབང་མོ།
རྩོམ་སྒྲིག་པ། བསྟན་འཛིན་བདེ་སྐྱིད།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།