བོད་མིའི་སྒྲིག་འཛུགས་ནས་དཀོན་པེ་ལགས་ཀྱི་ཆེད་དུ་མཆོད་འབུལ་སྨོན་ལམ།
2017.12.27
༄༅། །ཉེ་སྔོན་སྤྱི་ལོ་༢༠༡༧་སྤྱི་ཟླ་༡༢་ཚེས་༢༣་ཉིན་བོད་ནང་བོད་དོན་ཆེད་སྐུ་ལུས་མེར་བསྲེགས་བཏང་མཁན་བོད་ཨ་མདོ་རྔ་པ་ནས་ཡིན་པའི་ཕ་རྒྱ་སྐྱབས་དང་མ་འཕྲིན་ལྡོག་ལགས་གཉིས་ཀྱི་བུ་དཀོན་པེ་ལགས་རང་ལོ་ ༣༠ ཡས་མས་ཡིན་པ་ཁོང་གིས་རྒྱ་ནག་གཞུང་ལ་ཞི་རྒོལ་དུ་ཨ་མདོ་རྔ་པ་རུ་རང་དབང་དགོས་ཞེས་སྐད་འབོད་ཀྱིས་རང་ལུས་མེར་སྲེག་བཏང་སྟེ་ཕྱི་ཚེས་ ༢༤ ཉིན་འདས་གྲོངས་སུ་གྱུར་བའི་ཡིད་སྐྱོའི་གནས་ཚུལ་ཐོན་ཡོད་པར་བརྟེན། དམ་པ་དེ་ཉིད་ཀྱི་ཆེད་དུ་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་དང་མྱ་ངན་གུས་འདུད་མཚོན་བྱེད་དགོངས་རྫོགས་མཆོད་འབུལ་སྨོན་ལམ་ཞིག་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཕྱི་ལོ་ ༢༠༡༧ ཟླ་ ༡༢ ཚེས་ ༢༧ རེས་གཟའ་ལྷག་པའི་ཉིན་རྒྱབ་ཆུ་ཚོད་ ༤ པའི་ཐོག་གོ་སྒྲིག་གནང་ཡོད་པ་རེད།
དེ་ཡང་མཆོད་འབུལ་སྨོན་ལམ་སྐབས་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་ཚབ་ཞུས་ནས་དམ་པ་དེ་ཉིད་ཀྱི་ནང་མི་སྤུན་མཆེད་དང་གཉེན་ཉེ་སོགས་ལ་གདུང་སེམས་མཉམ་སྐྱེས་ཀྱི་ཐུགས་གསོའི་འཚམས་འཕྲིན་སྨོན་ལམ་གནང་པ་སོགས་ཀྱི་གནས་ཚུལ་ཞིག་ཐོན་ཡོད་པ་རེད། དེ་བཞིན་ད་ཕན་བོད་མི་མང་པོས་རང་ལུས་མེར་བསྲེགས་བཏང་དགོས་པའི་རྒྱུ་རྐྱེན་གཙོ་བོ་ནི་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་དྲག་རྩུབ་ཅན་གྱི་སྲིད་བྱུས་མུ་མཐུད་མཁྲེགས་བཟུང་བྱས་པ་ལ་བརྟེན་ནས་བྱུང་བ་ཡིན་པས། བོད་རྒྱ་ཆེའི་བོད་མི་མང་ཚོགས་ཀྱི་མངོན་འདོད་དང་མཐུན་ཕྱིར་རྒྱ་ནག་གཞུང་གི་སྲིད་བྱུས་ལ་བསྒྱུར་བཅོས་དགོས་པ་མ་ཟད། བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་འབྲེལ་མོལ་མགྱོགས་ནས་བསྐྱར་མཐུད་དགོས་རྒྱུ་སོགས་ཀྱི་སྐོར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་འབོད་སྐུལ་ཞིག་ཀྱང་གནང་ཡོད་པའི་གནས་ཚུལ་ཐོན་བཞག།
གསར་འགོད་པ་བསྟན་འཛིན་ནོར་བུ།