རྒྱ་གར་གྱི་དབུས་བོད་སློབ་འཛིན་ཚོགས་ལ་ཤེས་རིག་བཀའ་བློན་མཆོག་གིས་ཐུགས་རྗེ་ཆེ་ཞུས་འདུག

2022.03.30
རྒྱ་གར་གྱི་དབུས་བོད་སློབ་འཛིན་ཚོགས་ལ་ཤེས་རིག་བཀའ་བློན་མཆོག་གིས་ཐུགས་རྗེ་ཆེ་ཞུས་འདུག དབུས་བོད་སློབ་འཛིན་ཚོགས་ཀྱི་འཛིན་སྐྱོང་འགན་འཛིན་ལྷན་ཚོགས་ཐེངས་༩༢ པའི་ཐོག ༠༣།༢༩།༢༠༢༢
tibet.net

དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། དབུས་བོད་སློབ་འཛིན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་༩༢པ་དེ་བཞིན་ཕྱི་ཟླ་གསུམ་པའི་ཚེས་༢༩རེས་གཟའ་མིག་དམར་ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་(Shastri Bhawan)་ཞེས་པའི་ནང་སྐོང་ཚོགས་གནང་བ་དང་། ཚོགས་འདུའི་ཐོག་དབུས་བོད་སློབ་འཛིན་ཚོགས་ཀྱི་ངོས་ནས་ད་བར་བཙན་བྱོལ་བོད་མིའི་སློབ་ཕྲུག་རྣམས་ལ་གཟེངས་སུ་ཐོན་པའི་སློབ་སྦྱོང་གནང་བའི་སྐོར་དང་། དབུས་བོད་སློབ་འཛིན་ཚོགས་མཇུག་བསྡུ་སྐོར་གྲོས་བསྡུར་གནང་ཡོད་པ་དང་། རྒྱ་གར་དབུས་གཞུང་གི་ཤེས་རིག་བློན་ཆེན་ལས་ཁུངས་ཀྱི་དྲུང་འཕར་དང་། དབུས་བོད་སློབ་འཛིན་ཚོགས་ཀྱི་ཚོགས་གཙོ་ལྕམ་སྐུ་ཅང་སཱན་(Smt. L.S Changsan)་ལགས་ཀྱིས། ད་ཆ་དབུས་བོད་སློབ་འཛིན་ཚོགས་མཇུག་བསྡུ་བྱེད་ཀྱི་ཡོད་ཀྱང་། བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ཀྱིས་ལས་དོན་འཛིན་སྐྱོང་ཚ་ཚང་བ་གནང་ཐུབ་རྒྱུ་ཡིན་པའི་འདེང་ཚོད་དང་ཡིད་ཆེས་ཐོབ་པ་དང་། རྒྱ་གར་དབུས་གཞུང་གིས་མུ་མཐུད་དུ་བོད་པའི་ན་གཞོན་ཚོའི་ཤེས་ཡོན་ཐོག་ལ་རྒྱབ་སྐྱོར་གནང་རྒྱུ་ཡིན་པ་གསུངས་ཡོད་པ་རེད།
དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་མཆོག་ནས་ལྷན་ཚོགས་ཐོག་ལ། རྒྱ་གར་གཞུང་གིས་རྒྱ་གར་ནང་གི་བཙན་བྱོལ་བོད་མི་རྣམས་ལ་ད་བར་མཐུན་འགྱུར་གནང་བ་དང་། རྒྱ་གར་མང་ཚོགས་ནས་རྒྱབ་སྐྱོར་གནང་བ་དེ་དག་ལ་ཐུགས་རྗེ་ཆེ་ཞུས་གནང་བ་དང་། དམིགས་བསལ་དབུས་བོད་སློབ་འཛིན་ཚོགས་ཀྱི་ཐོག་ནས་ད་བར་ལོ་ངོ་དྲུག་ཅུ་ལྷག་རིང་བོད་ཕྲུག་ཚོར་ཤེས་ཡོན་གྱི་ཆ་རྐྱེན་དང་ཕན་ཐོགས་གནང་བར་ཐུགས་རྗེ་ཆེ་ཞུས་གནང་བ་མ་ཟད། དབུས་བོད་མིའི་སྒྲིག་འཛུགས་ཀྱིས་བོད་ཕྲུག་རྣམས་ལ་ཤེས་ཡོན་ཚད་ལྡན་དང་ཡག་པོ་སྤྲོད་རྒྱུ་ཙམ་མ་ཡིན་པར་འགྲོ་བ་མིའི་གཤིས་རྒྱུད་ཀྱི་ཡོན་ཏན་བཟང་པོ་ལྡན་པ་ཞིག་གསོ་སྐྱོང་གནང་རྒྱུ་ཡིན་པའི་ཁས་ལེན་གནང་ཡོད་པ་རེད་།
ད་རེས་ལྷན་ཚོགས་ཐོག་ལ་རྒྱ་གར་གཞུང་གི་དཔལ་འབྱོར་བློན་ཆེན་དང་ཕྱི་སྲིད་ལས་དོན་བློན་ཆེན། རྒྱ་གར་གྱི་ཤེས་རིག་བློན་ཆེན་དང་། དབུས་བོད་སློབ་འཛིན་ཚོགས་ཀྱི་ཟུང་འབྲེལ་འགན་འཛིན་རྣམ་གཉིས་ཐོག དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་ཐར་ལམ་སྒྲོལ་མ་ལགས་དང་། ལྡི་ལི་བོད་ཀྱི་སྐུ་ཚབ་དོན་གཅོད་འབྲོང་ཆུང་དངོས་གྲུབ་ལགས། དྲུང་ཆེ་འཇིགས་མེད་རྣམ་རྒྱལ་ལགས་བཅས་ཚོགས་བཅར་ཞུས་ཡོད་པ་རེད།
དེ་བཞིན་ཚེས་༢༨ཉིན་ཤེས་རིག་ལས་ཁུངས་ནས་དབུས་བོད་སློབ་འཛིན་ཚོགས་ཀྱིས་འདས་པའི་ལོ་ངོ་དྲུག་ཅུ་ལྷག་གི་རིང་བཙན་བྱོལ་བོད་མིའི་སློབ་ཕྲུག་རྣམས་ལ་ཤེས་ཡོན་གནང་བར་ཐུགས་རྗེ་ཆེ་ཞུ་སླད་དབུས་བོད་སློབ་འཛིན་ཚོགས་ཀྱི་ལས་བྱེད་རྣམས་ལ་ཕེབས་སྐྱེལ་གྱི་མཛད་སྒོ་ཞིག་ཀྱང་ཚོགས་ཡོད་འདུག

གསར་འགོད་པ། ཉི་མ་གཡུ་སྒྲོན།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་ནག་གཞུང་གིས་ལྷ་མོ་ཀིརྟི་དགོན་པའི་ནང་བསྟན་སློབ་གྲྭའི་སློབ་ཕྲུག་ཚོ་བཙན་ཐབས་ཀྱིས་གཞུང་གཉེར་སློབ་གྲྭར་གཏོང་བཞིན་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཤེས་རིག་བཀའ་བློན་མཆོག་གིས་བོད་མིའི་སློབ་གྲྭ་ཁག་གཙོས་རྒྱ་གར་ལྷོ་ཕྱོགས་སུ་གཞུང་འབྲེལ་འཚམས་གཟིགས་གནང་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎