བོད་མི་ཚང་མས་གང་ཐུབ་ཀྱིས་གཞན་ལ་ཕན་པའི་བྱ་བ་བསྒྲུབ་དགོས། ༧གོང་ས་མཆོག་གིས།

2023.05.17

སྤྱི་ཟླ་༥བའི་ཚེས་༡༧ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ། གསང་སྔགས་རྡོ་རྗེ་ཐེག་པའི་གཞུང་ལ་སློབ་གཉེར་གནང་བཞིན་པའི་བཙུན་དགོན་བྱང་ཆུབ་ཆོས་གླིང་དང་། དགའ་ལྡན་ཆོས་གླིང་། སྒྲོལ་མ་གླིང་བཅས་བཙུན་དགོན་གསུམ་གྱི་དགེ་བཤེས་མ་༡༥དང་། བཙུན་མའི་ལས་འཆར་གྱི་འགན་འཛིན་གཙོས་པའི་ལས་བྱེད་སོགས་མི་གྲངས་༢༢ལ་དམིགས་བསལ་མཇལ་ཁ་དང་བཀའ་སློབ་སྩལ་སྐབས། དགེ་བཤེས་མ་ཚོས་ནང་པའི་གཞུང་ལུགས་ལ་སློབ་གཉེར་རྒྱ་ཆེ་གནང་སྟེ་སྤྱི་ཚོགས་ནང་ཕན་ཐོགས་སྒྲུབ་དགོས་པ་བཀའ་གནང་འདུག སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། བོད་གངས་ཅན་ལྗོངས་དང་འཕགས་པ་སྤྱན་རས་གཟིགས་གཉིས་བར་དམིགས་བསལ་འབྲེལ་བ་ཡོད་པས། བོད་མི་ཚང་མས། གང་ཐུབ་ཀྱིས་གཞན་ལ་ཕན་པའི་བྱ་བ་བསྒྲུབ་པ་ཡིན་ན། འཕགས་པ་སྤྱན་རས་གཟིགས་ཀྱིས་ཚེ་རབས་ནས་ཚེ་རབས་རྗེས་སུ་འཛིན་གྱི་རེད་ཅེས་བཀའ་བསྩལ་འདུག

Dalai lama (1).JPG
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། རབ་བྱུང་མའི་ནང་ནས་གཞུང་ཆེན་བཀའ་པོད་ལྔའི་ཐོག་ལ་བསླབ་པ་སློབ་གཉེར་གནང་སྟེ་དགེ་བཤེས་མ་ཐོན་ཐུབ་པའི་ཐུགས་རེ་དང་གཞན་སྐུལ་ལན་མང་མཛད་པ་བཞིན། ༢༠༡༦ལོར་གཞུང་ཆེན་བཀའ་པོད་ལྔར་སློབ་པ་མཐར་སོན་པའི་བོད་ཀྱི་ལོ་རྒྱུས་ནང་བཙུན་པའི་དགེ་བཤེས་མ་ཐོག་མ་བྱུང་ཞིང་། དེ་ནས་ད་བར་བཙུན་དགོས་ཆེ་ཁག་དྲུག་ནས་དགེ་བཤེས་མ་༥༣ ཐོན་ཡོད་པ་མ་ཟད། དེ་ནི་ལས་གཞི་གལ་ཆེ་ཤོས་ཤིག་ཏུ་ངོས་འཛིན་གནང་གི་ཡོད་པ་བཙུན་མའི་ལས་འཆར་འགན་འཛིན་སྣང་ས་ཆོས་སྒྲོན་ལགས་ཀྱིས་འགྲེལ་བརྗོད་གནང་བྱུང་།
དགེ་བཤེས་མ་ཟླ་བ་སྒྲོལ་མ་ལགས་ནི། ༡༩༩༣་ལོར་བཞུགས་སྒར་ཉེ་འདབས་སུ་ཆགས་པའི་སྒྲོལ་མ་གླིང་དུ་འཛུལ་བཞུགས་གནང་སྟེ། མི་ལོ་༡༨ལྷག་ནང་པའི་གཞུང་ལུགས་ལ་སློབ་གཉེར་གནང་བའི་རྗེས། རིམ་པས་གསང་སྔགས་རྡོ་རྗེ་ཐེག་པའི་གཞུང་ལ་སློབ་གཉེར་ཟིན་པ་དང་། ༢༠༢༠ལོར་དགེ་བཤེས་མའི་ཚད་གནས་ཀྱི་ཕྱག་ཁྱེར་བཞེས་འདུག ད་རེས་ཀྱི་མཇལ་ཁའི་སྐབས་༧གོང་ས་མཆོག་གིས། དགེ་བཤེས་མ་ཚོར་བཀའ་སློབ་ལམ་སྟོན་ཕེབས་པ་དེས་གཞན་ཕན་སྒྲུབ་པར་སེམས་ཤུགས་འཕར་མ་སྤྱིན་ཡོད་པ་གསུངས་བྱུང་།
བཙན་བྱོལ་ནང་གི་བཙུན་མའི་ལས་འཆར་འདི་ནི། ༧གོང་ས་མཆོག་གི་བཀའ་དགོངས་བཞིན། ༡༩༨༧ལོར་ཐོག་མར་འགོ་བཙུགས་གནང་སྟེ། འདས་པའི་ལོ་ངོ་༣༥ཡི་ནང་བཙུན་མ་ཚོའི་ཤེས་ཡོན་གྱི་ཐོག་དམིགས་བསལ་ཤུགས་རྒྱབ་དང་རྒྱག་མུས་ཡིན་འདུག་ཅིང་། ལས་འཆར་འགན་འཛིན་སྣང་ས་ཆོས་སྒྲོལ་ལགས་ཀྱིས། ད་ལྟའི་ཆར་ལས་འཆར་དེའི་འོག་བཙུན་དགོན་ཆེ་ཁག་བདུན་གྱི་ནང་བཙུན་མ་༨༠༠ལྷག་ལ་སློབ་ཡོན་དང་འཚོ་སྣོན་གྱི་རོགས་སྐྱོར་གནང་མུས་ཡིན་པ་འགྲེལ་བརྗོད་གནང་བྱུང་།


གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
དཔལ་ས་སྐྱ་༧གོང་མ་ཁྲི་ཆེན་མཆོག་དང་འབྲུག་གི་རྒྱལ་བོ་དང་། བཙུན་མོ་རྣམ་གཉིས་མཇལ་འཕྲད་གནང་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ལོ་ངོ་བརྒྱ་ལྷག་གི་ལོ་རྒྱུས་ལྡན་པའི་ཨ་ཚོགས་དགོན་གྱི་རིག་དངོས་རྩིས་མེད་ཀྱིས་གནས་སྤོར་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎