སེམས་དང་སྲོག་གི་ཉམས་ཞིབ་ལྟེ་གནས་ཁང་ལ་རོགས་རམ།
2012.07.21
༄༅༎སེམས་དང་སྲོག་གི་ཉམས་ཞིབ་ལྟེ་གནས་ཁང་དེར། ཨ་མི་རི་ཀའི་ཌོ་ལར་ས་ཡ་གསུམ་ཙམ་གྱི་རོགས་རམ་ཐོབ་ཡོད་པ་ལྟེ་གནས་ཁང་དེས་ཕྱི་ཟླ་ ༧ ཚེས་ ༢༡ ཉིན་གསར་འགོད་གསལ་བསྒྲགས་ཞིག་སྤེལ་འདུག།
སེམས་དང་སྲོག་གི་ལྟེ་གནས་ཁང་དེ་ནི་ཕྱི་ལོ་ ༡༩༨༧ ལོར་༸གོང་ས་མཆོག་དང༌། ཚན་རིག་པ་གྲགས་ཅན་ཚེ་འདས་ ཕ་རེན་སིས་ཀོ་ སྦ་རི་ལ་ དེ་བཞིན་ཚོང་པ་སྐུ་ཞབས་ ཨེ་ཌམ་ ཨི་གལ་ རྣམ་པས་བཙུགས་གནང་བ་དང༌། འདས་པའི་ལོ་ངོ་ཉི་ཤུ་རྩ་ལྔ་དེའི་རིང་གཙོ་བོ་༸གོང་ས་མཆོག་དབུ་ཞུགས་ཐོག་འཛམ་གླིང་གི་ཡུལ་གྲུ་གང་སའི་ནང་། དེང་དུས་ཀྱི་ཚན་རིག་གི་སྡེ་ཚན་མི་འདྲ་བའི་མཁས་པ་དང་། ནང་ཆོས་ཉམས་ལེན་པ་དང་ནང་ཆོས་ཀྱི་ལྟ་གྲུབ་མཁས་པའི་བར་བགྲོ་གླེང་གི་ཚོགས་ཆེན་ལན་མང་ཚུགས་གནང་ཡོད་པ་རེད།
ལས་རིམ་དེའི་ཐོག་ནས་ཨ་རི་སོགས་ཡུལ་གྲུ་འགའ་ཤས་ཀྱི་མཐོ་རིམ་སློབ་གྲྭ་ཆེ་ཁག་ནང་བྱམས་སྙིང་རྗེ་དང་། ཞི་གནས་དང་སྒོམ་ཉམས་ལེན་གྱི་ཕན་ཐོགས་སོགས་ཀྱི་སྐོར་ཞིབ་འཇུག་སྡེ་ཚན་ཡང་མང་པོ་ཞིག་བཙུགས་ཡོད་པ་རེད།།