༸གོང་ས་མཆོག་འཛམ་གླིང་ཞི་བདེའི་སྨོན་ལམ་གྱི་ཚོགས་མགོན་དུ་ཆིབས་སྒྱུར་བསྐྱངས་པ།

ཕྱི་ལོ་ ༢༠༢༣ ཟླ་བ་ ༡༢ ཚེས་ ༢༣ ཉིན་གྱི་སྔ་དྲོར་གནས་མཆོག་རྡོ་རྗེ་གདན་གྱི་བྱང་ཆུབ་མཆོད་རྟེན་ཆེན་མོའི་སྐུ་མདུན་དུ། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱལ་སྤྱིའི་ནང་པའི་གླེང་སྟེགས་ཀྱི་ནང་ལྷན་བཞུགས་པ་ཡོངས་ནས་འཛམ་གླིང་ཞི་བདེའི་སྨོན་ལམ་གྱི་ཚོགས་མགོན་དུ་ཆིབས་སྒྱུར་བཀའ་དྲིན་བསྐྱངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པའི་ཆོས་དེ་སོ་སོས་ལག་ལེན་བསྟར་ཏེ་སེམས་རྒྱུད་འདུལ་ཐབས་བྱས་ན་སེམས་ལ་ཞི་བདེ་དང་རིམ་པས་རྣམ་མཁྱེན་རྒྱལ་བའི་གོ་འཕང་ཐོབ་རྒྱུ་ཡིན་ཞེས་བཀའ་སྩལ་སོང་།
ཐེངས་འདིའི་འཛམ་གླིང་ཞི་བདེའི་སྨོན་ལམ་གྱི་ལྷན་འཛོམས་སྟེང་དཔལ་ས་སྐྱ་གོང་མ་ཁྲི་ཆེན་མཆོག ༸སྐྱབས་རྗེ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག ༸སྐྱབས་རྗེ་བྱང་རྩེ་ཆོས་རྗེ་མཆོག་དང་གཞན་ཡང་ཤྲི་ལངྐ་དང་ཐེའི་ལེནྡྲིའི་བླ་ཆེན་རྣམ་པ་དབུས་པའི་ལེགས་སྦྱར་དང་པཱ་ལི་ཆོས་བརྒྱུད་འཛིན་པའི་བླ་སྤྲུལ་དང་། མཁས་དབང་། དགེ་བཙུན་དང་སྐྱ་སེར་ཕོ་མོ་བཅས་རྒྱལ་ཁབ་འདྲ་མིན་ ༣༣ ནས་ཁྱོན་ཚོགས་བཞུགས་པ་ཞལ་གྲངས་ ༢༠༠༠ བརྒལ་བ་ལྷན་བཞུགས་གནང་བའི་སྨོན་ལམ་གསུང་འདོན་གྱི་འདུ་འཛོམས་དེའི་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མུ་མཐུད་བཀའ་སྩལ་བའི་ནང་། མགོན་པོ་གང་ཉིད་ལ་༸སྐྱབས་རྗེ་ཡོངས་འཛིན་རྣམས་ཀྱི་བཀའ་དྲིན་ལ་བརྟེན་ནས་སློབ་འཁྲིད་གནང་སྟེ་ཉམས་མྱོང་ཐོག་ནས་མིག་མཐོང་ལག་ཟིན་གྱི་སྟོང་ཉིད་ཀྱི་ལྟ་བས་སེམས་འགུལ་འཐེབ་པ་ཞིག་བྱུང་ཞིང་། དེ་ལྟ་བུའི་སྟོང་ཉིད་ཀྱི་ལྟ་བ་དེ་ཐབས་བྱང་ཆུབ་སེམས་ཀྱིས་ཟིན་ན་རྣམ་མཁྱེན་རྒྱལ་བའི་གོ་འཕང་ཐོབ་པའི་རྒྱུ་རུ་འགྱུར་རྒྱུ་ཡིན་པར་བརྟེན་མགོན་པོ་གང་ཉིད་ནས་གཙོ་བོ་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་ཉམས་བཞེས་གནང་བཞིན་ཡོད་ཅེས་བཀའ་སྩལ་སོང་།
དེ་མིན་མགོན་པོ་གང་ཉིད་ཀྱིས་བཀའ་སྩལ་བའི་ནང་བཅོམ་ལྡན་འདས་ལ་དད་པ་བྱེད་པ་ཙམ་གྱིས་མི་ཆོག་པར་གཙོ་བོ་རྒྱལ་བའི་བཀའ་བསྟན་རྣམས་ལ་སློབ་སྦྱོང་གིས་བསམ་བློ་གཏང་ན་སེམས་འགུལ་འཐེབ་རྒྱུ་ཡིན་པ་བཀའ་སྩལ་ཞིང་།
དེ་རིང་འཛམ་གླིང་ཞི་བདེའི་ཆེད་སྨོན་ལམ་ནང་ལྷན་ཚོགས་དེའི་ནང་རྒྱ་གར་དང་ཤྲི་ལངྐ་དང་ཐེའི་ལེནྡྲི་དང་འབར་མ་དང་བྷང་ལ་དྷེ་ཤི་སོགས་རྒྱལ་ཁབ་ ༡༡ ཙམ་གྱི་སྐད་ཡིག་ནང་དགེ་འདུན་པའི་འཐུས་མི་རྣམས་ནས་སྨོན་ལམ་གསུང་འདོན་གནང་སོང་།
ད་ལན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྨོན་ལམ་གྱི་ཚོགས་མགོན་དུ་ཆིབས་སྒྱུར་མཛད་སྐབས་ཕེབས་ལམ་གཡས་གཡོན་དུ་ཕྱི་ནང་དད་ལྡན་སེར་སྐྱ་མི་མང་རྣམས་ཀྱིས་མགོན་པོ་གང་ཉིད་ཀྱི་གསེར་ཞལ་མཇལ་རྒྱུར་ཚང་ཀ་ཤིག་ཤིག་ངང་ཕེབས་གནང་འདུག
མཛད་འཆར་ལྟར་ན་འདི་ཚེས་ ༢༥ ནས་དབུ་འཛུགས་ཀྱིས་ཕྱི་ཚེས་ ༢༧ བར་རྒྱ་རིགས་དད་ལྡན་པ་དུ་མར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དགེ་ཚུལ་སློང་གི་སྡོམ་པ་འབོགས་ཆོག་བཀའ་དྲིན་བསྐྱང་རྒྱུ་ཡིན་འདུག
གསར་འགོད་པ། པདྨ་དངོས་གྲུབ།
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།