སྤྱི་ནོར་༧གོང་ས་མཆོག་གིས་རྒྱལ་ཁབ་འདྲ་མིན་ནས་ཕེབས་པའི་མཇལ་བཅར་བ་ཚོར་མཇལ་ཁ་སྩལ་ཡོད་པ་རེད།

2024.12.16
སྤྱི་ནོར་༧གོང་ས་མཆོག་གིས་རྒྱལ་ཁབ་འདྲ་མིན་ནས་ཕེབས་པའི་མཇལ་བཅར་བ་ཚོར་མཇལ་ཁ་སྩལ་ཡོད་པ་རེད། སྤྱི་ནོར་༧གོང་ས་མཆོག་གིས་རྒྱལ་ཁབ་འདྲ་མིན་ནས་ཕེབས་པའི་མཇལ་བཅར་བ་ཚོར་མཇལ་ཁ་སྩལ་ཡོད་པ། ༡༢།༡༦།༢༠༢༤
RFA/Dhasa

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་འཆར་ཅན་ལྟར། བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་རེས་གཟའ་ཟླ་བ་སྤྱི་ཟླ་༡༢པའི་ཚེས་༡༦ཉིན། ཨུ་རུ་སུའི་སོག་རིགས་དང་རྒྱ་གར། འབྲུག་དང་བལ་པོ། ཡོ་རོབ་དང་སོག་ཡུལ་བཅས་ནས་ཕེབས་པའི་དད་ལྡན་པ་བརྒྱ་ཕྲག་འགའ་ལ་མཇལ་ཁ་སྩལ་ཡོད་པ་དང་། ཨུ་རུ་སུའི་མངའ་ཁོངས་ཀྱི་སོག་རིགས་བྷོ་རད་ཐུ་རྒྱལ་ཕྲན་ནས་ཡིན་པ་ཨ་ཡུ་ཤ་ལགས་ནས། མགོན་པོ་མཆོག་ལ་མཇལ་ནས་ཚོར་སྣང་ཧ་ཅང་དམིགས་བསལ་དང་སྔར་ཁྱོན་ནས་ཚོར་མ་མྱོང་བའི་བྱིན་རླབས་ཀྱི་སྣང་བ་བྱུང་བ་འགྲེལ་བརྗོད་གནང་བྱུང་།
རྒྱ་གར་རྒྱལ་ས་ལྡི་ལི་ནང་གི་སྨན་ཁང་གྲགས་ཅན་ཨ་ཕོ་ལོ་ནས་ཡིན་པ་སྨན་པ་རི་ཏི་ས་ནི་ལགས་ནས་ཀྱང་། ནམ་རྒྱུན་༧གོང་ས་མཆོག་ལ་མཇལ་དུས་ཀྱི་ཚོར་བ་ནི་བསམ་བརྗོད་ལས་འདས་པ་ཞིག་དང་། མགོན་པོ་མཆོག་གི་ཕྱག་ལག་གིས་དངོས་སུ་མཇལ་ཁ་གནང་སྐབས་ལུས་སེམས་ལ་བྱིན་རླབས་ཀྱི་ནུས་པ་ཧ་ཅང་ཆེན་པོ་ཐོབ་སོང་བའི་ཉམས་མྱོང་དེ། སོ་སོ་མགོན་པོ་གང་ཉིད་དང་མཉམ་དུ་དངོས་སུ་ཡོད་སྐབས་མ་གཏོགས་ཚོར་མི་ཐུབ་པ་ཞིག་འདུག་ཅེས་འགྲེལ་བརྗོད་གནང་གི་འདུག
ད་རེས་འབྲུག་རྒྱལ་ཁབ་ནས་དད་ལྡན་འབྲུག་པ་ཧ་ཅང་མང་པོ་ཞིག་བཅར་ཏེ་མཇལ་ཁ་ཞུས་ཡོད་པས། འབྲུག་ཡུལ་གྱི་བགྲེས་སོང་དབང་འདུས་དཔལ་འབྱོར་ལགས་ནས། སྔོན་མ་༧གོང་ས་མཆོག་བརྙན་འཕྲིན་ལས་མཇལ་བ་མ་གཏོགས་དངོས་མཇལ་ཁ་ཞུས་མྱོང་མེད་པས། ད་རེས་དངོས་སུ་༧རྒྱལ་བ་རིན་པོ་ཆེར་མཇལ་ཏེ་སེམས་ནང་ཧ་ཅང་དགའ་གུས་བྱུང་བ་འགྲེལ་བརྗོད་གནང་གི་འདུག
ཡོ་རོབ་ནེ་དིར་ལཎ་ཌི་རྒྱལ་ཁབ་ནས་ཡོང་བ་ས་ཏི་ཡམ་ལགས་ནས། མགོན་པོ་མཆོག་ནས་དངོས་སུ་ཕྱག་ལག་གིས་ངའི་གདོང་ལ་ཕྱག་དབང་གནང་བྱུང་བའི་མཛད་པ་དེས། ང་རང་གི་སེམས་ནང་དགའ་ཚོར་དང་སེམས་འགུལ་ཆེན་པོ་ཐེབས་པ་མ་ཟད། བྱིན་རླབས་ཀྱི་ཚོར་བ་ཧ་ཅང་ཆེན་པོ་བྱུང་ཞེས་འགྲེལ་བརྗོད་གནང་གི་འདུག་ཅིང་། ཡང་སོག་ཡུལ་ནས་ཡོང་བའི་ཨ་མི་ནཱ་ལགས་ནས་མཇལ་ཁ་གནང་སའི་ཚོགས་ཁང་ནང་འཛུལ་མ་ཐག སྐད་ཆའི་ལམ་ནས་བཤད་མི་ཐུབ་པའི་ཚོར་བ་དམིགས་བསལ་ཅིག་ཡོང་གི་འདུག་ཅེས་འགྲེལ་བརྗོད་གནང་བྱུང་།
བཞུགས་སྒར་༧རྒྱལ་བའི་ཕོ་བྲང་དུ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་སྐུ་ངལ་ལ་མི་འཛེམས་པར། འཆར་ཅན་བདུན་ཕྲག་རེའི་རེས་གཟའ་ཟླ་བ་དང་ལྷག་པ། པ་སངས་བཅས་སུ་འཛམ་གླིང་གི་ཡུལ་གྲུ་གང་ས་ནས་ཕེབས་པའི་དད་ལྡན་པ་ཚོར་མཇལ་ཁ་རྒྱུན་མར་སྩལ་བཞིན་པ་རེད།


གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
སྤྱི་ནོར་༧གོང་ས་མཆོག་འདི་ཚེས་༢༢ཉིན་ཕྱིར་བཞུགས་སྒར་རྡ་རམ་ས་ལར་ཆིབས་བསྒྱུར་མཛད་ཀྱི་ཡོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་ཀར་ཎ་ཀྲ་ཀ་མངའ་སྡེའི་རྫོང་ཁག་གི་བློན་ཆེན་ལ་རྒྱ་གར་དབུས་སའི་གཞུང་ནས་བོད་མིར་རྒྱབ་སྐྱོར་མཐུན་གྲོགས་གནང་བར་ཐུགས་རྗེ་ཆེ་ཞེས་བཀའ་སྩལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎