པར་རིས་སྣ་མང་འདུས་བའི་༧གོང་ས་མཆོག་གི་མཛད་རྣམ་ཕྱག་དེབ་དབུ་འབྱེད་གནང་འདུག


2020.11.16
པར་རིས་སྣ་མང་འདུས་བའི་༧གོང་ས་མཆོག་གི་མཛད་རྣམ་ཕྱག་དེབ། པར་རིས་སྣ་མང་འདུས་བའི་༧གོང་ས་མཆོག་གི་མཛད་རྣམ་ཕྱག་དེབ།
Roli Book/FB

ལོ་རྒྱུས་རང་བཞིན་ལྡན་པའི་པར་རིས་སྣ་མང་གཙོ་འདོན་བྱས་བའི་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་མཛད་རྣམ་ཕྱག་དེབ་གསར་པ་ཞིག་ལྡི་ལི་ནས་དབུ་འབྱེད་གནང་འདུག
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧གོང་ས་སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ནི། འཛམ་གླིང་གི་མི་མང་ས་ཡ་མང་པོ་ཞིག་གི་རླབས་ཆེན་གྱི་མི་སྣ་ཞིག་ཏུ་གྱུར་ཡོད་པ་མ་ཟད། ཁོང་གིས་བྱམས་བརྩེ་རང་བཞིན་ལྡན་པའི་བཀའ་སློབ་ལམ་སྟོན་དང་རླབས་ཆེན་གྱི་མཛད་རྗེས་བརྒྱུད་འགྲོ་བ་མི་ཁྲི་ཚོ་མང་པོར་སེམས་འགུལ་ཆེན་པོ་ཐེབས་ཡོད། དགའ་ལྡན་ཕོ་བྲང་གི་དྲུང་ཆེ་ཟུར་པ་བཀའ་ཟུར་བཀྲས་མཐོང་བསྟན་འཛིན་དགེ་བྱེད་ལགས་ཀྱིས་བརྩམས་པའི་པར་རིས་དང་ཡིག་ཚགས་མཉམ་དུ་ཡོད་པའི༧གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་༡༤་པ་མཆོག་གི་མཛད་རྣམ་(His Holiness the fourteenth Dalai Lama: An Illustrated Biography)ཞེས་པའི་མཛད་རྣམ་ཕྱག་དེབ་གསར་པ་དེ་བཞིན་སྤྱི་ཟླ་༡༡པའི་ཚེས་༡༦རེས་གཟའ་ཟླ་བའི་ཉིན་རྒྱ་གར་རྒྱལ་ས་ལྡ་ལིར་དངོས་སུ་དབུ་འབྱེད་གནང་ཡོད་འདུག་ཅིང་། རྩོམ་པ་པོ་བཀའ་ཟུར་བཀྲས་མཐོང་བསྟན་འཛིན་དགེ་བྱེད་ལགས་ཀྱིས་ཁོང་རང་ཉིད་ལོ་མང་རིང་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་སྐུ་མདུན་དུ་ཞབས་ཕྱི་ཞུས་པའི་ཉམས་མྱོང་གཞིགས་ཏེ་བརྩམས་པའི་དཔེ་དེབ་དེས་འབྱུང་འགྱུར་འགྲོ་བ་མི་མང་པོ་ཞིག་ལ་ཕན་ཐོགས་བསྐྲུན་རྒྱུའི་རེ་བ་གནང་བཞིན་འདུག

པར་རིས་དང་ཡིག་ཚགས་མཉམ་དུ་ཡོད་པའི་༧གོང་ས་མཆོག་གི་སྐུ་ཚེའི་ལོ་རྒྱུས་ཀྱི་དཔེ་དེབ་གསར་པ་དེ་ནི། རྒྱ་གར་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་གྲགས་ཆེ་བའི་རོ་ལི་(Roli Books)དཔེ་དེབ་པར་སྐྲུན་ཁང་ནས་དབྱིན་ཡིག་ཐོག་པར་བསྐྲུན་གནང་འདུག་པ་དང་།  དེ་བཞིན་འཇར་མན་དང་། ཨུ་རུ་སུ། ཅེཀ (Dutch)སོགས་སྐད་ཡིག་མི་འདྲ་བ་དགུའི་ཐོག་རིམ་པས་པར་བསྐྲུན་གནང་འཆར་ཡོད་འདུག་ཅིང་། ད་ལྟའི་ཆར་དབྱིན་ཡིག་ཐོག་ཡོད་པའི་དཔེ་དེབ་དེ་བཞིན་དྲ་ཐོག་ནས་མངགས་ཉོ་བྱེད་ཐུབ་ཀྱི་ཡོད་པ་དང་། རོ་ལི་པར་བསྐྲུན་ཁང་གི་རྩོམ་སྒྲིག་འགན་འཛིན་(Priya Kapoor)ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། མཛད་རྣམ་དཔེ་དེབ་དེ་ནི་ངོས་ཀྱིས་ཕྱག་དཔེ་ཡག་ཤོས་ཤིག་ལ་ངོས་འཛིན་བྱེད་ཀྱི་ཡོད་ལ། འདི་ལྟ་བུའི་ཕྱག་དེབ་ཤིག་པར་བསྐྲུན་བྱེད་པར། ལོ་རྒྱུས་རང་བཞིན་ལྡན་པའི་པར་རིས་དུ་མ་ཞིག་དགོས་གལ་ཆེ་ཞིང་། ལྷག་པར་དུ་དཔེ་དེབ་དེའི་ནང་ཡོད་པའི་པར་རིས་དེ་དག་ནི་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་པར་རིས་སྟོང་ཕྲག་མང་པོ་ཡོད་པའི་ཁུངས་ནས་ཟུར་འདོན་བྱས་པ་ཞིག་ཡིན་པ་དང་། དམིགས་བསལ་གྱི་ཕྱག་དེབ་དེའི་རྩོམ་པ་པོ་ནི་༧གོང་ས་ཏཱ་ལའི་བླ་མ་མཆོག་བཙན་བྱོལ་ལ་བྲོས་བྱོལ་དུ་ཆིབས་བསྒྱུར་རྗེས་ཀྱི་ལོ་རྒྱུས་རྣམས་སྐུའི་མདུན་དུ་ཡུན་རིང་ཞབས་ཕྱི་ཞུས་མྱོང་མཁན་གང་ཟག་ཞིག་གིས་བྲིས་ཡོད་པ་དེ་ནི་ཐུན་མོང་མ་ཡིན་ཞིག་ཡིན་ཞེས་འགྲེལ་བརྗོད་གནང་སོང་།
ཡང་དབྱིན་ཡུལ་དུ་གནས་སྡོད་པར་ལེན་སྒྱུ་སྩལ་བ་(Jane Moore)ལགས་ནི། མཛད་རྣམ་ཕྱག་དེབ་གསར་པ་དེའི་ནང་ཡོད་པའི་པར་རིས་དེ་དག་ཕྱོགས་སྒྲིག་དང་མཁོ་སྒྲུབ་བྱེད་མཁན་གཙོ་བ་དེ་ཡིན་འདུག་ཅིང་། ཁོང་མོས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། དཔེ་དེབ་དེ་ཆ་ཚང་འགྲུབ་པར་དུས་ཡུན་ལོ་གཉིས་དང་ཕྱེད་ཀ་ལྷག་འགོར་ཡོད། འོན་ཀྱང་། འདས་པའི་ལོ་ཟླ་དེ་དག་གི་ནང་ངོས་ཀྱིས་དཔེ་དེབ་དེའི་ཐོག་ལས་ཀ་བྱས་པའི་བརྒྱུད་རིམ་ཁྲོད་ངོས་ལ་སློབ་སྦྱོང་མང་པོ་ཞིག་རག་སོང་ལ། འདི་ལྟ་བུའི་ལས་གཞི་ཞིག་གི་ཐོག་ལས་ཀ་བྱེད་རྒྱུ་བྱུང་བར་ཧ་ཅང་གི་དགའ་ཚོར་བྱུང་། དེ་སྔོན་ངོས་བོད་དུ་ཡུལ་སྐོར་སྤྲོ་འཆམ་དུ་ཕྱིན་པའི་སྐབས་དེར་རྒྱ་ནག་གི་དྲག་གནོད་འོག་ཡོད་པའི་བོད་མི་ཚོའི་སེམས་ཤུགས་ནི་ཞུམ་པ་མེད་པའི་ངང་གནས་འདུག་ལ། ལྷག་པར་དུ་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་སྐུ་ཚེའི་ལོ་རྒྱུས་བཅས་ལས་ངོས་ལ་བཅོས་མིན་གྱི་རེ་བ་ཞིག་སྦྱིན་སོང་། མདོར་ན། ངོས་ཀྱིས་མཛད་རྣམ་དཔེ་དེབ་དེའི་ཐོག་ལས་ཀ་བྱེད་རྒྱུ་བྱུང་བ་འདི་༧གོང་ས་ཏཱ་ལའི་བླ་མ་མཆོག་དང་བོད་རྒྱ་ཆེ་མི་མང་བཅས་ལ་ལེགས་སྐྱེས་མཚོན་ཆེད་དུ་ཡིན་ཞེས་འགྲེལ་བརྗོད་གནང་སོང་།

དུས་རབས་ཉི་ཤུ་པའི་ལོ་རབས་དྲུག་བཅུ་ནས་བཟུང་། ༧གོང་ས་སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ལ་འཛམ་གླིང་གི་ཡུལ་གྲུ་གང་སར་ཆིབས་བསྒྱུར་གྱི་གོ་སྐབས་གསར་པ་ཞིག་བྱུང་ཡོད་ལ། འདས་པའི་ལོ་ངོ་བཅུ་ཕྲག་མང་པོའི་རིང་གང་ཉིད་མཆོག་གིས་བོད་འབངས་ཡོང་གི་ཆེད་དུ་སྐུ་ངལ་མཛད་མེད་སྐྱོན་ཏེ་མཛད་པ་འཕྲིན་ལས་སྐྱོང་དང་བསྐྱངས་མུས་ཡིན་ཞིང་། མཛད་རྣམ་དཔེ་དེབ་དེའི་ནང་སྤྱི་ལོ་༡༩༦༣ཙམ་ནས་བཀའ་ཟུར་བསྟན་འཛིན་དགེ་བྱེད་ལགས་ཀྱིས་༧གོང་ས་ཏཱ་ལའི་བླ་མ་མཆོག་སྐུ་སྒེར་གྱི་ལས་ཁུངས་སུ་ཐོག་མར་ཕྱག་ལས་གནང་བའི་སྐབས་ཀྱི་མྱོང་ཚོར་སྐོར་ཞིག་བྲིས་བཀོད་གནང་འདུག

པར་རིས་དང་ཡིག་ཚགས་མཉམ་དུ་ཡོད་པའི་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་མཛད་རྣམ་གྱི་དཔེ་དེབ་གསར་པ་དེ་བརྗོད་གཞི་ཁག་མི་འདྲ་བ་དྲུག་ལ་དབྱེས་ཡོད་པ་ལས། ངོས་ཀྱིས་རྒྱུས་མངའ་ཡོད་པའི་༧གོང་ས་མཆོག་དང་། བྱང་ཆུབ་སེམས་དཔའི་སྙིང་རྗེའི་སྐོར། རིན་ཐང་ཆེ་བའི་ཁ་བའི་ལྗོངས་ཀྱི་མགོན་སྐྱབས། རྒྱ་གར་དུ་ཁྱིམ་གཞི་གསར་པ་ཞིག རྒྱལ་སྤྱིའི་སྟེང་འབྲེལ་ལམ་ཚུགས་པ། དེ་བཞིན་འཇིག་རྟེན་ཀུན་ཁྱབ་ཀྱི་བྱམས་བརྩེ་དང་འཛམ་གླིང་བསྐྱར་གསོ་ཞེས་པའི་བརྗོད་གཞི་བཅས་ཡིན་འདུག

བཀྲས་མཐོང་བསྟན་འཛིན་དགེ་བྱེད་ལགས་ནི། སྤྱི་ལོ་༡༩༦༣ ནས་༢༠༠༦བར་༧གོང་ས་སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་སྐུ་སྒེར་གྱི་ལས་ཁུངས་སུ་ཕྱག་ལས་གནང་ཡོད་པ་དང་། ཁོང་གིས་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་སྐུ་མདུན་དུ་ཡུན་རིང་ཞབས་ཕྱི་ཞུས་པའི་ཉམས་མྱོང་གཞིགས་ཏེ་བརྩམས་པའི་དཔེ་དེབ་དེ་དངོས་སུ་འགྲེམ་སྤེལ་གནང་ཐུབ་པ་བྱུང་བར་འགྲོ་བ་མི་མང་པོ་ཞིག་དགའ་ཚོར་ཆེན་པོ་གནང་གི་ཡོད་འདུག་ཅིང་། ༧གོང་ས་ཏཱ་ལའི་བླ་མཆོག་ལ་དད་གུས་ཆེ་བའི་རྒྱ་གར་གྱི་གློག་བརྙན་ཁྲབ་སྟོན་པ་(Lisa Ray)ལགས་ཀྱིས། ཁོང་མོས་(Instagram)དྲ་ལམ་བརྒྱུད་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་སྐུ་ཚེའི་ལོ་རྒྱུས་ཀྱི་དཔེ་དེབ་དེ་ནི་རྒྱ་གར་(Diwali)དུས་སྟོན་གྱི་ཕྱག་རྟགས་ཡག་ཤོས་ཤིག་ལ་ངོས་འཛིན་གྱིས། ཪོ་ལི་དཔེ་དེབ་པར་སྐྲུན་ཁང་གཙོས་པའི་འབྲེལ་ཡོད་ཚོར་དགའ་ཚོར་ལྡན་པའི་སྒོ་ནས་ཐུགས་རྗེ་ཆེ་ཞུས་གནང་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་མཆོག་གིས་རྒྱ་གར་གྱི་མེ་ཁོ་རོ་སོ་ཧྤོ་ཊི་ཡར་རྒྱས་ལྟེ་གནས་ཀྱི་འཛིན་སྐྱོང་འགན་འཛིན་ལ་མཇལ་ཁ་སྩལ་བ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎