མེང་ལོར་དུ་མཐོ་སློབ་འགྲིམས་བཞིན་པའི་སློབ་མ་ཚོས་མཉམ་དུ་༧གོང་ས་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས་འདུག

འདི་ཟླའི་ཚེས་༢༦ཉིན་རྒྱ་གར་མེང་ལོར་བོད་རིགས་སློབ་མའི་མཐུན་ཚོགས་ཀྱི་གོ་སྒྲིག་འོག་ས་གནས་དེ་གའི་བོད་རིགས་སློབ་མ་མཉམ་འབྲེལ་གྱིས་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་སྔ་བསྣུར་གྱིས་སྲུང་བརྩི་ཞུས་ཡོད་པ་དང་། གོ་སྒྲིག་ཚོགས་གཙོ་ཉི་མ་དབྱངས་ཅན་ལགས་ནས་གོ་སྒྲིག་འདི་ལྟར་བྱེད་དགོས་དོན་ནི་ས་གནས་ཡུལ་མི་ཚོ་ལ་བོད་དང་བོད་པའི་ཆོས་དང་རིག་གཞུང་ངོ་སྤྲོད་དང་། ལྷག་པར་དུ་ས་གནས་དེ་གའི་བོད་རིགས་སློབ་མ་རྣམས་ཕན་ཚུན་ངོ་ཤེས་དང་འབྲེལ་འདྲིས་ཡོང་ཆེད་དུ་ཡིན་ཞེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུང་བྱུང་།
ས་གནས་དེར་མཐོ་སློབ་འགྲིམས་བཞིན་པའི་བོད་རིགས་སློབ་མ་རྣམས་ནས་ད་བར་ཕན་ཚུན་མཉམ་རུབ་ཀྱི་ཐོག་ནས་བོད་ཀྱི་སྲོལ་རྒྱུན་གྱི་དུས་ཆེན་ཁག་དང་། ༧གོང་ས་མཆོག་གི་འཁྲུངས་སྐར་སོགས་སྲུང་བརྩི་ཞུ་ཐུབ་མེད་པ་ཀྱང་ཐེངས་འདིར་མེང་ལོར་སྨན་ཞབས་མཐོ་སློབ་བཅས་ཀྱི་རོགས་རམ་འོག་དུས་ཆེན་སྲུང་བརྩི་ཞུས་ཡོད་འདུག
ཡང་མེང་ལོར་བོད་རིགས་སློབ་མའི་མཐུན་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་ཚེ་རིང་ལགས་ནས། ས་གནས་དེ་གའི་བོད་རིགས་སློབ་མ་རྣམས་མཉམ་རུབ་ཀྱིས་ཐོག་ནས་དུས་ཆེན་སྲུང་བརྩི་ཞུ་རྒྱུའི་འཆར་གཞི་སྔོན་མ་ནས་ཡོད་ཀྱང་ཕྱི་ནང་གི་གནས་སྟངས་མང་པོ་ཞིག་གིས་འོག་ནས་སྲུང་བརྩི་ཞུ་ཐུབ་མ་སོང་མོད། ཐེངས་འདིར་དུས་ཆེན་སྲུང་བརྩི་དང་འབྲེལ་རྒྱ་གར་ཡུལ་མི་ཚོ་ལ་བོད་དོན་ཁྱབ་བསྒྲགས་བྱ་རྒྱུའི་གོ་སྐབས་ཡག་པོ་བྱུང་སོང་ཞེས་དང་། མ་འོངས་པ་ཡང་མུ་མཐུད་ནས་གྲ་ཇེ་རྒྱས་སུ་གཏོང་འཆར་ཡོད་ཅེས་གསུང་གི་འདུག
རྒྱ་གར་ལྷོ་ཕྱོགས་ཀ་ཎ་ཊ་ཀའི་མངའ་སྡེའི་ནང་རྟེན་གཞིར་བྱས་པའི་མེང་ལོར་ཁུལ་དུ་རྒྱ་གར་གྱི་མཐོ་སློབ་འགྲིམ་བཞིན་པའི་བོད་རིགས་སློབ་མ་སུམ་བརྒྱ་ཡས་མས་ཤིག་ཡོད་ཅིང་། ས་གནས་འདི་ཁུག་ཀྱོག་དང་ལྷག་པར་དུ་ཡུལ་མི་ཚོས་བོད་པའི་སྐོར་ལ་རྒྱུས་མངའ་ཆུང་བར་བརྟེན། རྒྱ་གར་སྤྱི་དང་སྒོས་སུ་ས་གནས་ཡུལ་མི་རྣམས་ལ་བོད་དང་བོད་ཀྱི་ཆོས་དང་རིག་གཞུང་ངོ་སྤྲོད་གསལ་པོར་ཡོང་ཆེད་ལས་རིམ་འདི་གཉེར་བ་ཡིན་པ་རེད་འདུག
ཐེངས་འདིའི་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་ཀ་ཎ་ཊ་ཀ་མངའ་སྡེའི་སྤྱི་འཐུས་ཁག་ཅིག་དང་། བོད་མི་མང་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་བཅས་དབུ་བཞུགས་ཐོག་སྣང་གསལ་མར་མེ་ཞལ་དབྱེ་དང་། བོད་པའི་སྲོལ་རྒྱུན་གྱི་གཞས་དང་ཞབས་བྲོ་གཟིགས་འབུལ་ཞུས་ཡོད་འདུག
གསར་འགོད་པ། བློ་བཟང་།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།