ནེའུ་ཡོག་ཏུ་བོད་ལུགས་ལྟར་༧གོང་ས་མཆོག་དགུང་གྲངས་གྱ་བརྒྱད་ལ་ཕེབས་པའི་འཁྲུངས་སྐར་སྲུང་བརྩི་གནང་འདུག

2022.06.30
ནེའུ་ཡོག་ཏུ་བོད་ལུགས་ལྟར་༧གོང་ས་མཆོག་དགུང་གྲངས་གྱ་བརྒྱད་ལ་ཕེབས་པའི་འཁྲུངས་སྐར་སྲུང་བརྩི་གནང་འདུག ནེའུ་ཡོག་ཏུ་བོད་ལུགས་ལྟར་༧གོང་ས་མཆོག་དགུང་གྲངས་གྱ་བརྒྱད་ལ་ཕེབས་པའི་འཁྲུངས་སྐར་སྲུང་བརྩི་གནང་སྐབས། ༠༦།༣༠།༢༠༢༢
བློ་བཟང་ཆོས་འཕེལ།/RFA

དེ་ཡང་བྱང་ཨ་རིའི་ས་གནས་མདོ་སྨད་རྒྱུན་ལས་ཀྱིས་གོ་སྒྲིག་བྱས་ཏེ། ཕྱི་ཟླ་༦པའི་ཚེས་༢༩ ཉིན་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་ཡོད་པའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཁང་དུ། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་རྒྱལ་བ་རིན་པོ་ཆེ་མཆོག་བོད་རྩིས་ཀྱི་ལུགས་ལྟར་དགུང་གྲངས་༨༨ལ་ཕེབས་པའི་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་ཡོད་པ་དང་། མཛད་སྒོའི་སྐུ་མགྲོན་དུ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་དང་། ཚོགས་གཞོན་སྒྲོལ་མ་ཚེ་རིང་ལགས་རྣམ་གཉིས་དང་། སྐུ་མགྲོན་གཙོ་བོར་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་བཅས་ཕེབས་གནང་འདུག
སྐབས་དེར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་བསོད་ནམས་བསྟན་འཕེལ་ལགས་ནས། སྤྱི་ནོར་༧གོང་ས་སྐྱབས་མགོན་རྒྱལ་བ་རིན་པོ་ཆེ་མཆོག་གི་ཆོས་སྲིད་གཉིས་ཀྱི་ཕུལ་བྱུང་གི་མཛད་རྗེས་སྐོར་དང་འབྲེལ་ནས་གསུངས་བཤད་གནང་བའི་ནང་། ༧གོང་ས་སྐྱབས་མགོན་རྒྱལ་བ་རིན་པོ་ཆེ་མཆོག་ནི། བོད་མིའི་ངོ་བོ་དང་གཅིག་སྒྲིལ་གྱི་མཚོན་རྟགས་ཡིན་པ་བཞིན་དེ་མ་བརླག་པར་བྱེད་རྒྱུ་གལ་ཆེན་པོ་ཡིན་པའི་སྐོར་སོགས་གསུངས་ཡོད་པ་རེད།

dalai lama birthday new york1.JPG
སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་ལགས་ནས་༧གོང་ས་མཆོག་གི་ཆབ་སྲིད་ཀྱི་ཐུགས་འགན་བཞེས་རིམ་སྐོར་དང་འབྲེལ་ནས་བོད་མི་རྣམས་ཐོག་མར་བཙན་བྱོལ་དུ་འབྱོར་བ་ནས་རང་བཙན་རྩོད་ལེན་བྱས་རིམ་དང་། རིམ་བཞིན་བཙན་བྱོལ་བོད་མིའི་ཆབ་སྲིད་ཀྱི་སྲིད་ཇུས་དེ་དབུ་མའི་ལམ་གྱི་སྲིད་ཇུས་ཐོག་ཕེབས་སྟངས་དང་འབྲེལ་ནས། ༧གོང་ས་མཆོག་ནས་བཀའ་སློབ་གནང་བ་རྣམས་ཁྱིམ་ཚང་སོ་སོའི་ཁྱིམ་ནས་སློབ་གཉེར་བྱེད་རྒྱུ་གལ་ཆེན་པོ་རེད་ཅེས་སོགས་གསུངས་སོང་།
སྐུ་མགྲོན་གཙོ་བོ་ཀིརྟི་རིན་པོ་ཆེ་མཆོག་ནས། བོད་མི་ཚོས་སྤྱི་ནོར་༧གོང་ས་སྐྱབས་མགོན་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་སློབ་གནང་བ་བཞིན་སྒྲུབ་རྒྱུ་ཤིན་ཏུ་གལ་ཆེན་པོ་ཡིན་པ་དང་། ཕྱི་རྒྱལ་དུ་སླེབས་པའི་བོད་མི་ཚོས་བུ་ཕྲུག་རྣམས་ལ་བོད་ཀྱི་སྐད་ཡིག་སློབ་ཐུབ་པ་བྱས་ཏེ་བོད་མིའི་རྒྱུན་འཛིན་ཡོང་ཐབས་བྱེད་དགོས་པ་དང་། དེ་བཞིན་བོད་མི་རྣམས་ཀྱིས་༧གོང་ས་མཆོག་གི་བཀའ་དགོངས་བཞིན་བསྒྲུབ་རྒྱུ་དང་། མཐུན་སྒྲིལ་བྱེད་རྒྱུ་གལ་ཆེན་པོ་རེད་ཅེས་གསུང་གནང་སོང་།
དེ་བཞིན་བྱང་ཨ་རིའི་མདོ་སྨད་ས་གནས་རྒྱུན་ལས་ཀྱིས་ངོས་ནས་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་ནས་ད་བར་དགུང་ལོ་བརྒྱད་བཅུའི་རིང་སྤྱི་ནོར་༧གོང་ས་སྐྱབས་མགོན་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་དགོངས་བཞིན་བོད་སྤྱི་བའི་ཆེད་ཕྱག་ལས་གནང་བར་གསེར་གྱི་གཟེངས་རྟགས་འབུལ་ཡོད་པ་རེད།

གསར་འགོད་པ། བློ་བཟང་ཆོས་འཕེལ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་ཕྱིའི་རོགས་དངུལ་ཡོང་ཕྱིར་ཅུང་ངང་སྲིང་དགོས་པ་གནས་ཆུང་ཆོས་རྒྱལ་ནས་བཀའ་ལུང་ཕེབས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རིའི་ཆི་ཁ་གྷོ་སྒྱུ་རྩལ་བསྟི་གནས་ཁང་གིས་དུས་རབས་བཅུ་གཉིས་པའི་སྐབས་ཀྱི་སངས་རྒྱས་ཀྱི་སྐུ་བརྙན་ཞིག་བལ་ཡུལ་དུ་ཕྱིར་སློག་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎