ཐེ་ཝན་དུ་བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་འདུག
སྤྱི་ཟླ་༦ཚེས་༣༠ཉིན་ཐེ་ཝན་གྱི་ཐེ་པེ་ཅེན་ཐང་གཞོན་སྐྱེས་ཚོགས་ཁང་(Chientian Youth Activity Center)་དུ་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་གོ་སྒྲིག་འོག སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་བོད་ལུགས་ལྟར་དགུང་གྲངས་ ༩༠ལ་ཕེབས་པའི་༧སྐུའི་འཁྲུངས་སྐར་གཟབ་རྒྱས་ངང་སྲུང་བརྩི་ཞུས་ཡོད་པ་དང་། སྐབས་དེར་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་མཆོག་གིས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞི་གཙོ་བོར་གྱུར་བའི་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ལས་ཁུངས་ནས་བོད་བརྒྱུད་ནང་བསྟན་དང་འབྲེལ་བའི་ལས་དོན་ཞུ་ཕྱོགས་ཐད་ངོ་སྤྲོད་གསུང་བཤད་དང་། ཐེ་ཝན་གྲོས་ཚོགས་ཀྱི་འཐུས་མི་ཟུར་པ་ལྕམ་སྐུ་ཡུག་མེལ་ཉུད་ལགས་ཀྱིས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་འགྲོ་བ་སྤྱི་ལ་ཕན་པའི་རླབས་ཆེན་དགོངས་པ་ཇི་ཡོད་གསལ་བཤད་དང་། ༧གོང་ས་མཆོག་གང་མྱུར་ཕྱིར་ཕོ་བྲང་པོ་ཏཱ་ལ་རུ་ཕེབས་ཐུབ་པའི་སྨོན་འདུན་ཞུས་གནང་འདུག དེ་ནས་ཐེ་སྡོད་བོད་རིགས་ཚོགས་པའི་ཚོགས་གཙོ་བཀྲ་ཤིས་ཚེ་རིང་ལགས་ཀྱིས་བོད་ཀྱི་རྩ་དོན་དེ་བཞིན་བོད་མི་ཡོད་དོ་ཅོག་ལ་འགན་ཡོད་པ་ཚང་མས་མུ་མཐུད་བོད་དོན་ལ་ཤུགས་རྒྱག་རྒྱུ་གལ་ཆེ་ཡིན་སྐོར་བཅས་ཀྱི་གསུངས་བཤད་གནང་ཡོད་འདུག
གཞན་མཛད་སྒོའི་སྐབས་དོན་གཅོད་གཙོས་པའི་དོན་གཅོད་ཁང་གི་ལྟ་གྲུབ་རྒན་བསྟན་འཛིན་རྣམ་གྲོལ་རིན་པོ་ཆེ་དང་། ལྟ་གྲུབ་དགེ་རྒན་ཟུར་པ་དགེ་བཤེས་འཇམ་དཔལ་ཆོས་འཛིན་ལགས། ཐེ་ཝན་གྲོས་ཚོགས་འཐུས་མི་ཟུར་པ་ལྕམ་སྐུ་ཡུག་མེལ་ཉུད་ལགས་བཅས་ནས་དོན་གཅོད་ལས་ཁུང་ནས་པར་བསྐྲུན་ཞུས་པའི་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་དེབ་ཕྲེང་༢༢པ་དབུ་འབྱེད་གནང་རྗེས། སྨོན་ལམ་གསུང་འདོན་དང་། དེ་ནས་གླུ་གཞས་དགའ་སྟོན་ལ་རོལ་ཡོད་འདུག
གསར་འགོད་པ། ཀེ་ཐོ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།