༸གོང་ས་མཆོག་གི་སྐུའི་འཁྲུངས་སྐར་ལ་འཚམས་འདྲི།


2019.07.04
ཨ་རི་རྒྱལ་ཡོངས་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་Mark DeSaulnier མཆོག་གིས་༧གོང་ས་མཆོག་གི་འཁྲུངས་སྐར་ལ་འཚམས་འདྲིའི་ཕྱག་བྲིས། ཨ་རི་རྒྱལ་ཡོངས་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་Mark DeSaulnier མཆོག་གིས་༧གོང་ས་མཆོག་གི་འཁྲུངས་སྐར་ལ་འཚམས་འདྲིའི་ཕྱག་བྲིས།
དྲ་རྒྱ།

ཨ་མི་རི་ཀ་ California ནས་ཡིན་པའི་ཨ་རིའི་རྒྱལ་ཡོངས་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ Mark DeSaulnierམཆོག་གིས་༸གོང་ས་མཆོག་གི་སྐུའི་འཁྲུངས་སྐར་གྱི་འཚམས་འདྲིའི་ཕྱག་བྲིས་ཤིག་བྱང་ California ས་གནས་བོད་རིགས་སྤྱི་མཐུན་ཚོགས་པར་བཏང་གནང་འདུག ཁོང་གི་འཚམས་འདྲིའི་ནང་༸གོང་ས་མཆོག་དགུང་གྲངས་ ༨༤ ལ་ཕེབས་པའི་སྐུའི་འཁྲུངས་སྐར་ཕྱི་ཟླ་བདུན་པའི་ཚེས་ ༦ ཉིན་སྲུང་བརྩི་ཞུ་གི་ཡོད་པ་དེར་དགའ་ཚོར་ཆེན་པོ་བྱུང་། ངས་༸གོང་ས་མཆོག་གི་སྐུ་འཁོར་དང་ངོ་ཤེས་གྲོགས་པོ། ཨ་རིའི་ California ས་གནས་བོད་རིགས་ཚོགས་པའི་ཚོགས་མི་དང་ལྷན་དུ་སྐུ་ཉིད་ཀྱི་འཁྲུངས་སྐར་གྱི་དུས་བཟང་དེར་བཀྲ་ཤིས་བདེ་ལེགས་ཀྱི་འཚམས་འདྲི་ཞུ་རྒྱུ་ཡིན། ༸གོང་ས་མཆོག་གིས་ད་བར་འཚེ་མེད་ཞི་བའི་ཐབས་ལམ་ཕྱག་ལེན་རྒྱུན་འཁྱོངས་གནང་བ་དང་། ཆོས་ལུགས་ཕན་ཚུན་མཐུན་སྒྲིལ་གོང་མཐོར་གཏོང་ཐབས་དང་། འཛམ་གླིང་སྤྱིའི་འགན་འཁུར་དང་བྱམས་བརྩེ་གོང་འཕེལ་གཏོང་ཐབས་ཀྱི་ཕྱག་ལས་གནང་བཞིན་པ་དེ་ཚོ་ནི་དོན་དམ་གྱིས་ཨ་མི་རི་ཀར་སེམས་འགུལ་ཐེབས་བཞིན་ཡོད། ད་རེས་སྐུ་ཉིད་ཀྱི་སྐུའི་འཁྲུངས་སྐར་གྱི་དུས་བཟང་གི་ཉིན་མོར་འཚམས་འདྲི་ཞུ་རྒྱུ་མ་ཟད། སྤྲོ་པོ་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན། ཞེས་བྲིས་གནང་ཡོད་པ་རེད། ཡང་དེ་དང་ཕྱོགས་མཚུངས་ཨ་མི་རི་ཀའི་ Wisconsin མངའ་སྡེའི་ Madison གྲོང་ཁྱེར་གྱིས་ཕྱི་ཟླ་བདུན་པའི་ཚེས་ ༦ སྟེ་༸གོང་ས་མཆོག་གི་སྐུའི་འཁྲུངས་སྐར་ཉིན་མོ་དེ་ནི་བྱམས་བརྩེ་དང་སྙིང་རྗེའི་ཉི་མོར་སྲུང་བརྩི་ཞུ་རྒྱུའི་སྤྱི་བསྒྲགས་ཤིག་སྤེལ་འདུག Madison གྲོང་ཁྱེར་སྤྱི་ཁྱབ་པའི་མཚན་རྟགས་འཁོད་པའི་སྤྱི་བསྒྲགས་དེའི་ནང་། གྲོང་ཁྱེར་དེའི་ནང་གི་ཁྱིམ་ཚང་དང་སློབ་གྲྭ་ཚོང་ལས་གཞི་རྟེན། ཆོས་བྱེད་ཡུལ། ས་གནས་ཀྱི་སྒྲིག་འཛུགས་སོགས་ཚང་མར་ཉིན་རེའི་འཚོ་བའི་ནང་བྱམས་བརྩེ་ཉམས་ལེན་བྱེད་པའི་ལོ་རྒྱུས་རིང་པོ་ཡོད་མཁན་ཞིག་ཡིན་ཞིང་། གྲོང་ཁྱེར་གྱི་ངོས་ནས་བྱམས་བརྩེ་གོང་འཕེལ་གཏོང་རྒྱུ་ནི་གལ་ཆེའི་དོན་སྙིང་ཞིག་ཏུ་ངོས་འཛིན་གནང་གི་ཡོད་པར་བརྟེན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཚེ་མེད་ཞི་བ་དང་འཆམ་མཐུན། བཟོད་བསྲན་གྱི་བཀའ་སློབ་རྣམས་ཉམས་ལེན་བྱེད་མཁན་ཞིག་ཡིན་ལ། ༸གོང་ས་མཆོག་གིས་བྱམས་བརྩེ་དང་སྙིང་རྗེ། བཟོད་བསྲན་ཉམས་ལེན་བྱ་དགོས་པའི་བཀའ་སློབ་ཕེབས་པ་ལྟར། གྲོང་ཁྱེར་སྤྱི་ཁྱབ་པ་དང་གྲོང་ཁྱེར་ལྷན་ཁང་ནས་ཕྱི་ཟླ་བདུན་པའི་ཚེས་ ༦ སྐུའི་འཁྲུངས་སྐར་གྱི་ཉིན་མོ་དེ་ནི་ Madison གྲོང་ཁྱེར་དེའི་ནང་བྱམས་བརྩེ་དང་སྙིང་རྗེའི་ཉི་མོར་སྲུང་བརྩི་ཞུ་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད། ཨ་རིའི་མངའ་སྡེ་ Wisconsin ནང་ཡོད་པའི་བོད་རིགས་སྤྱི་མཐུན་ཚོགས་པ་དང་། བོད་མིའི་ཚོགས་སྡེ་ཆགས་ཏེ་ལོ་ངོ་ ༢༥ ལྷག་ཕྱིན་པ་དང་། གྲོང་ཁྱེར་དེའི་ནང་ཆགས་པའི་རི་དྭགས་ཀྱི་ཚལ་ཞེས་པའི་ཆོས་ཚོགས་དེ་ནི་བྱང་ཨ་མི་རི་ཀའི་ནང་གི་བོད་ཀྱི་ཆོས་དང་རིག་གཞུང་སློབ་ཁྲིད་བྱེད་ཡུལ་ལྟེ་གནས་གལ་ཆེ་ཞིག་ཡིན་པའི་སྐོར་བཀོད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་ནག་གཞུང་གིས་གྲོས་མོལ་སྒོ་ཕྱེ་ཡོད་ཚེ་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་གྲོས་མོལ་བྱེད་དགོས་པ་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པས་ལན་འདེབས་གནང་བྱུང་།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་བོད་མི་ཚོས་སྤྱི་ཚོགས་དྲ་ལམ་ཁག་ཏུ་༸སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་དགོངས་པ་རྫོགས་པར་མྱ་ངན་ཞུ་བཞིན་པ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎