༧གོང་ས་མཆོག་གིས་བཟའ་འབྲུའི་ལས་འཆར་སྡེ་ཚན་ལ་འཚམས་འདྲིའི་གསུང་འཕྲིན།


2020-10-10
Share
༧གོང་ས་མཆོག་གིས་བཟའ་འབྲུའི་ལས་འཆར་སྡེ་ཚན་ལ་འཚམས་འདྲིའི་གསུང་འཕྲིན། ༧གོང་ས་མཆོག་གིས་བཟའ་འབྲུའི་ལས་འཆར་སྡེ་ཚན་ལ་འཚམས་འདྲིའི་གསུང་འཕྲིན།
སྒྲིག་བཟོ།

སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་༢༠༢༠ལོའི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཐོབ་པའི་World Food Programme ཞེས་འཛམ་གླིང་བཟའ་འབྲུའི་ལས་འཆར་སྡེ་ཚན་གྱི་གཙོ་འཛིན་David Beaseley ལགས་ཀྱི་མཚན་ཐོག་ལ་བཀྲིས་བདེ་ལེགས་ཞུ་བའི་གསུང་འཕྲིན་ཞིག་ད་རིང་སྩལ་གནང་མཛད་པའི་ནང་། དེ་ནི་ལྷན་ཚོགས་དེས་འཛམ་གླིང་ནང་བཀྲེས་ལྟོགས་ཀྱི་གྲངས་འབོར་གཅོག་འཕྲིའི་སླད་དུ་ཐུགས་འགན་ཆེན་པོ་བཞེས་བཞིན་པར་ངོས་འཛིན་གནང་སྟེ་གཟེངས་རྟགས་དེ་ཕུལ་བ་ཡིན་སྐོར་བཀའ་གནང་ཡོད་ཅིང་། ལྷན་ཚོགས་དེས་འཁྲུགས་རྩོད་དང་བྱུང་བའི་རྐྱེན་ངན་སོགས་ལ་བརྟེན་ནས་བྱུང་བའི་འཛམ་གླིང་ནང་གི་དབུལ་འཕོང་དང་བཀྲེས་ལྟོགས། ཟས་བཅུད་མ་འདང་པའི་དཀའ་ངལ་ཁག་སེལ་ཐབས་ཆེད་ལས་དོན་སྤེལ་གྱི་ཡོད་སྟབས། འཛམ་གླིང་བཟའ་འབྲུའི་སྡེ་ཚན་གྱིས་དཀའ་ངལ་འཕྲད་སླ་བའི་མི་མང་ཉམ་ཆུང་དང་དགོས་ངེས་ཅན་ཚོར་རོགས་སྐྱོར་གནང་ནས་འ་ཆད་འུ་ཐུག་དང་རེ་བ་སྟོང་ཟད་དུ་ཕྱིན་པའི་མི་མང་ཉམས་ཐག་རྣམས་ལ་ཞི་བདེ་དང་སྤྲོ་བ་སྤྲོད་ཀྱི་ཡོད་སྐོར་བཀའ་གནང་འདུག ཡང་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཚོགས་ཆུང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བཟའ་འབྲུའི་རོགས་སྐྱོར་གནང་མཁན་སྡེ་ཚན་ལ་ད་རེས་ཆེ་བསྟོད་ཞུས་པ་དེས་འབྱོར་ལྡན་དང་དབུལ་ཕོངས་ཀྱི་བར་ཁྱད་ཆེ་རུ་འགྲོ་བཞིན་པ་དེ་ཆུང་དུ་གཏོང་རྒྱུའི་འགན་ང་ཚོ་ཚང་མར་ཡོད་པ་ཡང་དྲན་གསོ་གཏོང་གི་ཡོད་སྐོར་བཀའ་གནང་འདུག་པས་དེང་སྐབས་གོ་ལ་ཡོངས་ལ་འཕྲོད་བསྟེན་གྱི་དཀའ་ངལ་འཕྲད་བཞིན་པ་དེས་འགྲོ་བ་མིའི་རིགས་ཀྱི་ཁྱིམ་ཚང་ཡོངས་ལ་ཉེན་ཁ་བཟོ་ཡི་ཡོད་པ་དྲན་གསོ་བཏང་བ་དང་གཞི་རྕའི་ང་ཚོ་ཚང་མ་བདེ་བ་འདོད་མཁན་དང་སྡུག་བསྔལ་ལས་གྲོལ་འདོད་ཡོད་སྟབས། ཉེན་ཁ་དེ་དག་སེལ་ཐབས་ང་ཚོས་བྱེད་དགོས་པ་དང་འཛམ་གླིང་ནང་བཀྲེས་ལྟོགས་དང་དབུལ་ཕོངས་ཀྱི་དཀའ་ངལ་ཁག་ཀྱང་རྒྱལ་སྤྱིས་མཉམ་འབྲེལ་གནང་བའི་ཐོག་ནས་རྩ་མེད་བཟོ་ཐུབ་རྒྱུ་ཡིན་པ་དང་༧མགོན་པོ་གང་ཉིད་འགྲོ་བ་མིའི་རིགས་གཅིག་འགྱུར་ཡིན་པར་ཡིད་ཆེས་མཛད་མཁན་ཞིག་ཡིན་སྟབས། འདི་ལོའི་ནོ་བྷེལ་ཞི་བདེའི་གཟེངས་དེ་བཞིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བཟའ་འབྲུའི་ལས་འཆར་ལ་གནང་བ་དེ་ཡིས་འཛམ་གླིང་གི་ས་གནས་གང་དུ་ཡང་མི་སུ་ཞིག་ཀྱང་བཀྲེས་སྐོམ་གྱི་འཆི་རུ་འཇུག་རྒྱུ་མིན་པའི་མི་མང་གི་འབད་བརྩོན་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་སེམས་འགུལ་ཐེབས་རྒྱུ་ཡིན་སྐོར་ཡང་བཀའ་གནང་འདུག མཐའ་དོན་དུ་༧གོང་ས་མཆོག་གིས་གོ་སྐབས་འདི་བཟུང་ནས་མཉམ་འབྲེལ་རྒྱལ་ཚོགས་བཟའ་འབྲུའི་སྡེ་ཚན་དང་སྡེ་ཚན་དེའི་ཚོགས་མི་རྣམས་པ། དེ་བཞིན་དཀའ་ངལ་ཡོད་སའི་ས་ཐོག་ལ་རོགས་སྐྱོར་གྱི་ཕྱག་ལས་གནང་བཞིན་པའི་ལས་མི་དང་ལས་བྱེད་པ་རྣམས་ལ་༧སྐུ་སྒེར་ངོས་ནས་བཀྲིན་དྲན་ཤེས་དང་ལེགས་གསོལ་ཡང་མཛད་ཡོད་པའི་གནས་ཚུལ་འདུག།།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎