ཧྥ་རན་སིའི་འདེམས་ཐོན་སྲིད་འཛིན་ལ་འཚམས་འདྲི་གནང་འདུག


2017.05.08
ཧྥ་རན་སིའི་སྲིད་འཛིན་སྐུ་ཞབས་མེཀ་རོན་(Emmanuel Macron)་དང་༧གོང་ས་མཆོག ༢༠༡༦།༩ ཧྥ་རན་སིའི་སྲིད་འཛིན་སྐུ་ཞབས་མེཀ་རོན་(Emmanuel Macron)་དང་༧གོང་ས་མཆོག ༢༠༡༦།༩
པར་ཚགས།

༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཧྥ་རན་སིའི་སྲིད་འཛིན་འདེམས་ཐོན་བྱུང་བ་སྐུ་ཞབས་ཨེ་མ་ནི་ཡུལ་མེཀ་རོན་མཆོག་ལ་འཚམས་འདྲི་གནང་འདུག
དེ་ཡང་དགའ་ལྡན་ཕོ་བྲང་ཡིག་ཚང་གིས་གནས་ཚུལ་སྤེལ་བར་གཞིགས་ན། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། འདི་ཚེས་༧་ཉིན་འདེམས་ཐོན་བྱུང་བའི་ཧྥ་རན་སིའི་སྲིད་འཛིན་སྐུ་ཞབས་མེཀ་རོན་མཆོག་ལ་འཚམས་འཕྲིན་ཞིག་གནང་ཡོད་པ་དེའི་ནང་། ལོ་ངོ་མང་པོའི་རིང་ཧྥ་རན་སིའི་ནང་ཕེབས་པའི་སྐབས་ཧྥ་རན་སིའི་ནང་གི་མང་ཚོགས་ནས་བརྩེ་བ་ཆེན་པོས་གྲོགས་པོའི་འདུ་ཤེས་གནང་བར་ཚོར་སྣང་ཆེན་པོ་ཡོད་ལ་སྔ་ལོ་ཕྱི་ཟླ་དགུ་པའི་ནང་ཁུལ་དེར་འཚམས་གཟིགས་སྐབས་སུ་སྐུ་ཉིད་དང་མཇལ་འཕྲད་ཞུ་རྒྱུའི་གོ་སྐབས་བྱུང་བ་དང་། ལྷག་པར་དུ་སྐུ་ཉིད་ནས་བོད་ཀྱི་གནད་དོན་ཐོག་ཐུགས་སྣང་ཆེན་པོ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས་གནང་ཡོད་འདུག
ཡང་གོང་ཞུས་འཚམས་འཕྲིན་དེའི་ནང་མུ་མཐུད་དུ། སྐུ་ཉིད་ནས་མཁྱེན་གསལ་ལྟར་ངོས་རང་ཡོ་རོབ་སྤྱི་མཐུན་གྱི་གཞི་རྒྱ་ཆེ་ས་དང་ཕུགས་རྒྱང་རིང་པོའི་རྒྱལ་སྤྱི་དང་རྒྱལ་ནང་གི་ཁེ་ཕན་ལ་བསམ་བློ་གཏོང་བའི་ལངས་ཕྱོགས་འཛིན་སྟངས་དེར་བསྔགས་བརྗོད་ཆེན་པོ་ཞུ་མཁན་ཞིག་ཡིན། མ་འོངས་པར་ཡང་མུ་མཐུད་ཡོ་རོབ་སྤྱི་མཐུན་གྱི་གོང་བུའི་ནུས་སྟོབས་གོང་ནས་གོང་དུ་འཕེལ་བའི་རེ་བ་ཞུ་གི་ཡོད། ཧྥ་རན་སི་རྒྱལ་ཁབ་འདི་ནི་ཡོ་རོབ་སྤྱི་མཐུན་ནང་གི་སྲོག་རྩའི་གྲས་ཤིག་ཡིན་དུས་སྐུ་ཉིད་ཀྱིས་གཞུང་འཛིན་པའི་འོག་མ་འོངས་པར་ཐུགས་འགན་ལམ་ལྷོང་ལྡན་པ་ཞིག་བཞེས་ཐུབ་པའི་ཐུགས་རེ་ཡང་གནང་གི་ཡོད་ཅེས་འཚམས་འཕྲིན་གནང་ཡོད་པ་རེད།
དེ་བཞིན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཀྱང་ཧྥ་རན་སིའི་རྒྱལ་ཡོངས་སྲིད་འཛིན་འོས་འགྲན་ནང་སྐུ་ཞབས་Emmanuel Macron མཆོག་ལ་སྲིད་འཛིན་གྱི་རྒྱལ་ཁ་ཐོབ་པར་འཚམས་འདྲི་གནང་ཡོད་པ་དང་། འཚམས་འཕྲིན་ནང་། ངས་བོད་མིའི་སྒྲིག་འཛུགས་ཀྱི་ཚབ་ཞུས་ཏེ་སྐུ་ཉིད་མཆོག་ཧྥ་རན་སིའི་རྒྱལ་ཡོངས་འོས་བསྡུ་ཆེན་མོའི་ཁྲོད་རྒྱལ་ཁ་ཐོབ་པར་སྙིང་ཐག་པ་ནས་དགའ་བསུའི་འཚམས་འདྲི་ཞུ་རྒྱུ་ཡིན། ཧྥ་རན་སིའི་ཡུལ་དེ་ཡོ་རོབ་མཐུན་ཚོགས་ནང་བོད་དོན་ལ་རྒྱབ་སྐྱོར་ཤུགས་ཆེ་ཤོས་གནང་མཁན་གྲས་ཤིག་ཡིན། ལྷག་པར་དུ་ཕྱི་ལོ་ ༢༠༠༨ ལོར་ཡུལ་དེའི་རྒྱལ་ས་པེ་རི་སིར་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་མི་སེར་གྱི་ཕྱག་འཁྱེར་འབུལ་ལམ་ཞུས་གནང་བ་དེས་བོད་དང་བོད་མིའི་འཐབ་རྩོད་ལ་རྒྱབ་སྐྱོར་དང་གདུང་སེམས་མཉམ་སྐྱེད་ཀྱི་རྣམ་པ་ཤུགས་ཆེ་བཏོན་ཡོད་པ་གསལ་བཏོན་གནང་ཡོད་པ་དང་། ཕྱོགས་མཚུངས་སྐུ་ཉིད་མཆོག་གིས་ཕྱི་ལོ་ ༢༠༡༦ ཟླ་ ༩ ནང་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་གནང་བ་མ་ཟད། བོད་དོན་རྒྱབ་སྐྱོར་གྱི་གསུང་བཤད་ཐེངས་མང་སྤེལ་གནང་ཡོད་པ་རེད། དེར་བརྟེན་ད་ཆ་སྐུ་ཉིད་མཆོག་གིས་ཧྥ་རན་སི་ཡུལ་གྱི་སྲིད་འཛིན་གསར་པའི་ཐུགས་འགན་བཞེས་རྒྱུན་ནང་དབུ་མའི་ལམ་གྱི་ལངས་ཕྱོགས་འཛིན་ནས་བོད་ཀྱི་གནད་དོན་སེལ་ཐབས་བྱེད་བཞིན་པའི་བོད་མི་རྣམས་ལ་མུ་མཐུད་རྒྱབ་སྐྱོར་ཡོང་བའི་རེ་བ་ཞུ་རྒྱུ་ཡིན། སྐུ་ཉིད་མཆོག་ད་བར་ཧྥ་རན་སི་ཡུལ་གྱི་སྲིད་འཛིན་རིམ་བྱོན་ཁྲོད་སྲིད་འཛིན་དགུང་ན་གཞོན་ཤོས་ཡིན་སྟབས་རྒྱལ་སྤྱིའི་ཆབ་སྲིད་ཐོག་མང་གཙོའི་རིན་ཐང་གོང་མཐོར་གཏོང་རྒྱུར་བཟང་ཕྱོགས་ཀྱི་ཤུགས་རྐྱེན་སྦྱིན་ཐུབ་པའི་རེ་བ་ཞུ་བཞིན་ཡོད་ཅེས་འཁོད་གནང་ཡོད་པ་རེད།  
ཧྥ་རན་སིའི་རྒྱལ་ཡོངས་འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས་གནང་བའི་ནང་སྐུ་ཞབས་Macronམཆོག་ལ་འོས་བརྒྱ་ཆ་ ༦༥.༥ དང་། ལྕམ་Le Pen་ལ་འོས་བརྒྱ་ཆ་ ༣༤.༥ བཅས་ཐོབ་སྟེ་སྐུ་ཞབས་Macronམཆོག་ཐེངས་འདིའི་འོས་བསྡུའི་ཁྲོད་ཧྥ་རན་སའི་སྲིད་འཛིན་གྱི་རྒྱལ་ཁ་ཐོབ་པ་རེད།

གསར་འགོད་པ་རིག་འཛིན་ཆོས་སྒྲོན་དང་། དབྱངས་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
སྐུ་ངོ་རྒྱལ་ལོ་དོན་གྲུབ་མཆོག་བོད་གངས་ཅན་ལྗོངས་ཀྱི་ལོ་རྒྱུས་ཐོག་རྡོ་ལ་རི་མོ་བརྐོས་པ་བཞིན་གནས་པའི་བླ་སྲོག་ཅིག་ཡིན་ཞེས་པའི་རྩོམ་ཡིག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་དྲུང་ཆེ་ཡིས་དིང་རི་སླར་གསོ་བསྐྱར་སྐྲུན་དང་མཉམ་མཐའ་མཚམས་བརྟན་ལྷིང་གླེང་བར་གནད་དོན་དབྱེ་ཞིབ་པས་རྒྱ་ནག་གཞུང་གིས་གནོད་ཐེབས་ས་ཁུལ་གྱི་བསྐྱར་གསོའི་ལས་དོན་ཆབ་སྲིད་ལ་སྦྱར་བར་སྐྱོན་བརྗོད་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎