༧གོང་ས་མཆོག་གིས་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་གསར་བར་འཚམས་འདྲིའི་གསུང་འཕྲིན་བསྩལ་འདུག

2023.03.13
༧གོང་ས་མཆོག་གིས་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་གསར་བར་འཚམས་འདྲིའི་གསུང་འཕྲིན་བསྩལ་འདུག སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་སྐུ་ཞབས་(Petr Pavel)་ལགས་གཉིས།
སྒྲིག་བཟོ།/RFA

འདི་ཟླའི་ཚེས་༩ཉིན་དགུང་ལོ་༦༡ཡིན་པའི་བྱང་ཨ་ཊི་ལེན་ཊེ་ཁུ་དམག་དོན་མཉམ་འབྲེལ་སྒྲིག་འཛུགས་(NATO)་ཀྱི་དམག་སྤྱི་ཟུར་སྐུ་ཞབས་(Petr Pavel)་ལགས་ལ་འོས་བསྡུའི་རྒྱལ་ཁ་ཐོབ་པ་ལྟར་ཁོང་གིས་ཅེག་(Czech)་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་གྱི་ལས་ཁུར་དམ་འབུལ་ཞུས་ཡོད་པ་དང་། འདི་ཚེས་༡༣ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། བཞུགས་སྒར་རྒྱལ་བའི་ཕོ་བྲང་ནས་སྲིད་འཛིན་ཁོང་ལ་འཚམས་འདྲིའི་གསུང་འཕྲིན་སྩལ་འདུག་པའི་ནང་། སྤྱི་ལོ་༡༩༩༠ལོའི་སྤྱི་ཟླ་༣པའི་འགོ་སྟོད་དུ་ངོས་ཅེག་སྤྱི་མཐུན་རྒྱལ་ཁབ་ཏུ་བསྐྱོད་དེ་སྐབས་དེའི་སྲིད་འཛིན་སྐུ་ཞབས་(Vaclav Havel)་ལགས་དང་ལྷན་དུ་མཇལ་འཕྲད་བྱུང་ཞིང་། རྒྱལ་ཁབ་དེའི་ནང་དམར་ཤོག་རིང་ལུགས་རྩ་གཏོར་དུ་སོང་བའི་དུས་ཚིགས་ཤིག་ཀྱང་ཡིན་ཞེས་ཐུགས་དྲན་སོས་གནང་འདུག་ལ། ད་དུང་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེ་རབས་ལོ་རྒྱུས་དང་། ལྷག་དོན་དུ་ཡུལ་དེའི་ནང་དམག་ཤོག་གི་དབང་སྒྱུར་ལ་གསར་བརྗེའི་(Velvet Revolution)་གྱེན་ལངས་བྱས་པ་དེས། ཅེག་མི་མང་གི་ངོས་ནས་འཛམ་གླིང་ཁྱོན་ཡོངས་ལ་འཚེ་མེད་ཞི་བ་དང་རང་དབང། དེ་བཞིན་མང་གཙོ་བཅས་ཀྱི་རིན་ཐང་གསལ་སྟོན་བྱས་ཡོད་ཅེས་དང་། ད་དུང་དེ་སྔ་ཅེག་སྤྱི་མཐུན་རྒྱལ་ཁབ་ནང་ལན་འགའ་ཤས་ཆིབས་བསྒྱུར་བསྐྱངས་གནང་མཛད་རྒྱུ་བྱུང་བ་དེ་ནི་མགོན་པོ་གང་ཉིད་མཆིག་གི་གཟི་བརྗིད་ཡིན་པ་བཀའ་གནང་ཞིང་། ཡུལ་དེའི་མི་མང་རྒན་གཞོན་བར་གསུམ་གྱིས། མགོན་པོ་གང་ཉིད་མཆོག་གི་ཐུགས་དགོངས་བཞིན། ཆོས་ལུགས་མཐུན་སྒྲིལ་དང་འགྲོ་བ་མི་གཅིག་འགྱུར་གྱི་འདུ་ཤེས་གོང་མཐོར་གཏོང་རྒྱུའི་ཐད་དོ་སྣང་དང་ཐུགས་ཁུར་གནང་བར་གང་ཉིད་མཆོག་སེམས་འགུལ་ཆེན་པོ་ཐེབས་ཡོད་པ་བཀའ་གནང་འདུག
མཐའ་མཇུག་ཏུ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། འཛམ་གླིང་ནི་ད་སྐབས་ངལ་དུབ་ཆེ་བའི་གནས་སྟངས་ཤིག་གི་ཐོག་བསྐྱོད་བཞིན་ཡོད་པས། ངོས་ཀྱིས། སྐུ་ཉིད་ཀྱི་དབུ་ཁྲིད་འོག་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་མང་ཚོའི་མངོན་འདོད་དང་། དགོས་དོན་རྣམས་ལེགས་སྒྲུབ་ཐུབ་པའི་སྨོན་འདུན་ཡོད་ཅེས་ཐུགས་སྨོན་གནང་འདུག
སྤྱིར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་དང་པོ་སྐུ་ཞབས་(Vaclav Havel)་རྣམ་གཉིས་དབར་དམིགས་བསལ་གྱི་ཐུགས་འདྲིས་ཡོད་པ་མ་ཟད། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། སྐུ་ཞབས་(Vaclav Havel)་ནི་འགྲོ་བ་མི་གཞན་གྱི་རང་དབང་དང་བདེ་དོན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་གྲས་ཤིག་ཡིན་པས། དམ་པ་དེ་ཉིད་ནི་མི་ངོ་མཚར་ཅན་ཞིག་ཡིན་པ་རྒྱུན་དུ་བཀའ་ཕེབས་ཀྱི་ཡོད།
སྐུ་ཞབས་(Petr Pavel)་ལགས་ནི་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ཐེངས་བཞི་པ་དེ་ཆགས་ཀྱི་ཡོད་པ་དང་། ཁོང་ལ་ཐེངས་འདིའི་སྲིད་འཛིན་འོས་འདེམས་ཁྲོད་འོས་ཤོག་བརྒྱ་ཆའི་༥༨ ལྷག་ཐོབ་ཡོད་པ་རེད། ཕྱུག་བདག་ཆེན་མོ་དང་སྲིད་བློན་ཟུར་བ་(Andrej Babis)་ལགས་འོས་ཤོར་ཡོད་པ་རེད། སྐུ་ཞབས་(Petr Pavel)་ལགས་རང་རྐྱ་འཕེར་བའི་མི་སྣའི་མིང་ཐོག་ནས་སྲིད་འཛིན་གྱི་འོས་འདེམས་ནང་ཞུགས་ཏེ་རྒྱལ་ཁབ་ཐོབ་པ་ཞིག་ཡིན་པ་རེད།
སྐུ་ཞབས་(Petr Pavel)་ལགས་ཀྱིས་དེ་སྔོན་བྱང་ཆིངས་མཉམ་འབྲེལ་སྒྲིག་འཛུགས་(NATO) ཀྱི་དམག་སྤྱིའི་ཐུགས་འགན་བཞེས་མྱོང་ཡོད་པར་བརྟེན། ཁོང་ནི་དམག་མིའི་ཁྱིམ་རྒྱུད་དང་དམག་དོན་གྱི་མཉམ་མྱོང་ལྡན་པའི་སྲིད་འཛིན་ཐེངས་གཉིས་པ་དེ་ཆགས་ཀྱི་ཡོད་པ་མ་ཟད། བྱང་ཨ་ཊི་ལེན་ཊེ་ཁུ་དམག་དོན་མཉམ་འབྲེལ་སྒྲིག་འཛུགས་(NATO)་དང་ཡོ་རོབ་མཐུན་ཚོགས་(European Union)་གཉིས་ནས་ཡུཀ་རེན་ལ་དམག་གི་རྒྱབ་སྐྱོར་བྱེད་བཞིན་ར་ཤེ་ཡ་ལ་ཕར་རྒོལ་བྱེད་དགོས་པའི་གླེང་སློང་གནང་མཁན་གྲས་ཤིག་ཡིན་པ་རེད།


གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎