༧གོང་ས་མཆོག་གིས་ལ་དྭཊ་ནང་གི་ཁ་ཆེ་བ་ཚོར་ཆོས་ལུཊ་མཐུན་སྒྲིལ་དང་ཕན་ཚུན་འཆམ་མཐུན་གྱི་དམིཊ་དཔེ་སྟོན་ཐུབ་པ་དགོས་བ་གསུངས་འདུག
དེ་ཡང་སྤྱི་ཟླ་བདུན་པའི་ཚེས་༡༦ཉིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ལ་དྭགས་ཀྱི་ས་བྷོ་ས་གནས་ཀྱི་ཉེ་འཁྲིས་སུ་ལ་དྭགས་ནང་པའི་ལྷན་ཚོགས་ཀྱིས་ཕྱི་ལོ་༢༠༡༠ལོར་དྲག་ཆར་རླུང་འཚུབ་ཀྱི་གནོད་འཚེ་ཕོག་མཁན་དྭ་ཕྲུག་སློབ་ཕྲུག་ཁག་གཅིག་ལ་སྡོད་ཁང་གསར་རྒྱག་ལེགས་གྲུབ་བྱུང་བར་རབ་གནས་མཛད་ཡོད་པ་དང་། སློབ་ཕྲུག་བརྒྱ་མིན་ཙམ་ཡོད་པ་རྣམས་ལ་རང་གི་ཕ་མེས་ཀྱི་ཆོས་དང་རིག་གཞུང་ལ་བདག་པོ་རྒྱག་རྒྱུར་གཙོ་བོ་སློབ་སྦྱོང་ཡག་པོ་བྱེད་དགོས་པའི་ལམ་སྟོན་བཀའ་སློབ་བསྩལ་ཡོད་པ་རེད།
ཉིན་རྒྱབ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་ཀྱི་གྲོང་ཁྱེར་སླེ་ནང་གི་ཁ་ཆེའི་ཚོགས་པས་ཇི་ལྟར་གསོལ་འདེབས་ཞུས་དོན་བཞིན་བཀའ་བཞེས་བཟང་པོ་ཐོབ་སྟེ། སླེ་གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་ཊེ་རེ་གོན་གསོལ་མགྲོན་ཁང་ནང་ཆིབས་སྒྱུར་བསྐྱངས་ཏེ་ཁ་ཆེ་ཆོས་གྲོགས་ཕོ་མོ་བརྒྱ་ལྷག་ཙམ་ལ་བཀའ་སློབ་སྩལ་བའི་ནང་། སྤྱིར་བཏང་རྒྱ་གར་ནི་ལོ་རྒྱུས་ཐོག་ཆོས་ལུགས་མཉམ་གནས་དང་ཆོས་ལུགས་མཐུན་སྒྲིལ་གྱི་མིག་དཔེ་ལྟ་བུ་ཞིག་ཆགས་ཡོད། དེར་བརྟེན་འཛམ་གླིང་འདིའི་ནང་གནས་པའི་ཆོས་ལུགས་ཚང་མས་མཐུན་སྒྲིལ་དང་། ཡང་སྒོས་ཆོས་ལུགས་བྱེ་བྲག་པ་རྣམས་ཀྱི་ནང་ཕན་ཚུན་དབར་འཆམ་མཐུན་ཐོག་སྔར་ལས་ལྷག་པའི་གནས་ཐབས་བྱེད་རྒྱུ་དེ་ཧ་ཅང་གལ་ཆེ་པོ་ཆགས་ཡོད་པ་དང་། བར་སྐབས་ཤིག་ཤི་རི་ལང་ཀར་ནང་པ་འགའ་ཞིག་གིས་ཁ་ཆེ་རྗེས་འབྲང་པར་གནོད་འཚེ་བྱས་ཡོད་པའི་གནས་ཚུལ་གོ་རྒྱུ་འདུག བྱ་སྤྱོད་དེ་དག་ནི་ངོ་ཚ་དགོས་པ་དང་། ཐབས་སྐྱོ་པོ་རེད། དེ་བཞིན་ཁ་ཆེ་ནང་ཁུལ་འཁྲུག་རྩོད་རྒྱག་བཞིན་ཡོད་པ་དེ་དག་ཐོག་གྲུབ་འབྲས་ཐོན་མིན་པ་མ་ལྟོས་པར་ང་ཚོ་མི་རེ་ངོ་རེས་བཟང་སྤྱོད་ཀྱི་འགན་བླངས་ནས་བཀའ་ངལ་སེལ་ཐབས་བྱེད་རྒྱུ་ཤིན་ཏུ་ནས་གལ་ཆེན་པོ་ཆགས་ཡོད་པ་དང་། ད་དུང་༧གོང་ས་མཆོག་གིས་ལ་དྭགས་ནང་གི་ཁ་ཆེ་ཆོས་ལུགས་པ་ཚོ་ལ་ཆོས་ལུགས་མཐུན་སྒྲིལ་དང་ཕན་ཚུན་འཆམ་མཐུན་གྱི་དམིགས་དཔེ་སྟོན་དགོས་པའི་ལམ་སྟོན་གནང་ཡོད་འདུག
གསར་འགོད་པ་འཆི་མེད།
ཞིབ་ཕྲ་འདི་གའི་གསར་འགོད་པ་བློ་བྷེ་ཡིས་ས་གནས་ནས་བཏང་བའི་གནས་ཚུལ་ལ་གསན་རོགས
