ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་སྐབས་དང་པོའི་འབུམ་རམས་པའི་བསླབ་པ་མཐར་སོན་མཁན་བདུན་བྱུང་འདུག

2023.11.30
ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་སྐབས་དང་པོའི་འབུམ་རམས་པའི་བསླབ་པ་མཐར་སོན་མཁན་བདུན་བྱུང་འདུག རྒྱ་གར་སྦེང་ལོར་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་སྐབས་དང་པོའི་འབུམ་རམས་པའི་བསླབ་པ་མཐར་སོན་མཁན་བདུན་བྱུང་བ་རྣམས་ལ་ཕྱག་འཁྱེར་གནང་སྐབས། ༡༡།༣༠།༢༠༢༣
DLIHE

རྒྱ་གར་སྦེང་ལོར་དུ་ཡོད་པའི་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་སྐབས་དང་པོའི་འབུམ་རམས་པའི་བསླབ་པ་མཐར་སོན་མཁན་སེར་སྐྱ་བདུན་བྱུང་ཡོད་པ་དང་། ཁོང་རྣམ་པས་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་ནང་ཐེངས་དང་པོ་ལོ་བཞིའི་རིང་དེང་དུས་དང་མཐུན་པའི་འབུམ་རམས་པའི་སློབ་གཉེར་གནང་བ་དང་། འདི་ཚེས་༣༠་ཉིན་སྦེང་ལོར་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་དུ་སྦེང་ལོར་གཙུག་ལག་སློབ་གཉེར་ཁང་གི་རྒྱུགས་ཞིབ་པ་རིག་དྲུང་ཤྲི་ནི་ཝས་ལགས་དང་། བོད་ཕྲུག་ཁྱིམ་སྡེའི་སྤྱི་ཁྱབ་འགན་འཛིན་བསོད་ནམས་སྲིད་གཅོད་ལགས་ཀྱི་གཙོས་འབུམ་རམས་པའི་ལས་འཆར་དང་འབྲེལ་བའི་མི་སྣ་དང་དེ་བཞིན་མཐོ་སློབ་ཁང་གི་འཛིན་སྐྱོང་དང་དགེ་ལས་སློབ་ཕྲུག་རྣམས་མཉམ་འཛོམས་སར་ཁོང་རྣམ་པར་འབུམ་རམས་པའི་འཕྲལ་སེལ་ཕྱག་འཁྱེར་(PROVISIONAL CERTIFICATE)་གནང་བའི་རྟེན་འབྲེལ་མཛད་སྒོ་ཚོགས་གནང་སོང་།
མཐོ་རིམ་སློབ་གཉེར་ཁང་དེའི་འཛིན་སྐྱོང་འགན་འཛིན་དགེ་བཤེས་བློ་བཟང་རྒྱལ་མཚན་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། འདི་ནི་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་དང་སྐུའི་གཅུང་མོ་བཀའ་ཟུར་རྗེ་བཙུན་པདྨ་ལགས་ཀྱི་གཙོས་འབྲེལ་ཡོད་རྣམ་པས་སྐུ་ལས་བསྐྱོན་པ་ལ་བརྟེན་ནས་སྔོན་འགྲོ་ནས་བཟུང་འབུམ་རམས་པའི་བསླབ་པ་མཐར་སོན་བྱུང་བར་དགའ་སྤོབས་སྐྱེས་འོས་པ་ཞིག་ཡིན་པ་གསུངས་བྱུང་།

Dalai Lama Institute for Higher Education, Bangalore་ Phd1.jpg
ད་ལན་འབུམ་རམས་པའི་ཕྱག་འཁྱེར་བཞེས་མཁན་གྲས་དགའ་ལྡན་ཕོ་བྲང་ཡིག་ཚང་གི་དགེ་བཤེས་རོང་པོ་བློ་བཟང་སྙན་གྲགས་ལགས་ཀྱིས་རླུང་སེམས་ཕྲ་མོ་ལ་བརྟེན་ནས་བཏགས་པའི་ང་ཙམ་གྱི་བདག་ལ་དཔྱད་པ་དང་། དེ་བཞིན་སཱ་ར་མཐོ་སློབ་ཁང་གི་དགེ་རྒན་བསོད་ནམས་རྒྱལ་མཚན་ལགས་ཀྱིས་རྒྱལ་བ་སྐུ་ཕྲེང་རིམ་བྱོན་དང་མན་ཇུ་གོང་མའི་བར་གྱི་འབྲེལ་བའི་གནས་བབ་ཀྱི་འཕོ་འགྱུར་ལ་དཔྱད་པ། སཱ་ར་མཐོ་སློབ་ཀྱི་ལོ་རྒྱུས་སློབ་དཔོན་ཚེ་དབང་སྟོབས་ལགས་ཀྱིས་རྭ་སྟག་དོན་རྐྱེན་དང་བོད་བསྟན་སྲིད་གཉན་འཕྲང་ཅན་གྱི་ལོ་བཅུ་བདུན་ཆུད་ཟོས་ཤོར་བའི་གནད་དོན་ལ་དཔྱད་པ་གནང་ཡོད་པ་དང་། རྒན་ཚེ་དབང་སྟོབས་ལགས་ཀྱིས་གསུངས་ན། ཁོང་ལ་སློབ་སྦྱོང་བྱ་རྒྱུར་དོ་དབྱིངས་ཡོད་པ་གཞིར་བཟུང་གིས་འབུམ་རམས་པའི་སློབ་གཉེར་གྱི་ནང་ཞུགས་པ་མ་ཟད། སློབ་གཉེར་གཞན་རྣམས་མིག་དཔེ་བསྟེན་ཐབས་གནང་བ་ཞིག་ཡིན་པ་གསུང་གནང་བྱུང་།
ཡང་འབུམ་རམས་པའི་ཕྱག་འཁྱེར་བཞེས་མཁན་ནོར་གླིང་མཐོ་སློབ་ཀྱི་སློབ་སྤྱི་ཟུར་པ་སྨན་ཤར་བློ་གྲོས་ལགས་ཀྱིས་ཐང་བོད་འབྲེལ་བའི་གནས་བབ་ལ་ཞིབ་འཇུག་གནང་བ་དང་། སྨོན་ལམ་བརྡ་འཕྲིན་ཞིབ་འཇུག་ཁང་གི་དགེ་བཤེས་བློ་བཟང་སྨོན་ལམ་ལགས་ཀྱིས་བརྡ་འཕྲིན་དུས་རབས་དང་མཐུན་པའི་བོད་ཀྱི་དཔེ་མཛོད་རིག་པའི་འཛིན་སྐྱོང་ལམ་ལུགས་ལ་དཔྱད་གནང་འདུག ཁོང་གིས་གསུངས་ན། ད་ལན་འབུམ་རམས་པ་ཐོན་མཁན་ཚང་མའི་དཔྱད་རྩོམ་རྣམས་ཕན་ཐོགས་ངེས་ཅན་ཞིག་ཡོང་རྒྱུ་ཡིན་པ་མ་ཟད། ད་བར་བོད་མིའི་སྤྱི་ཚོགས་ནང་དཔེ་མཛོད་རིག་པའི་ཐོག་དམིགས་བསལ་ཕྱག་དཔེ་མེད་དུས་ཁོང་གི་དཔྱད་རྩོམ་དེས་ཀྱང་ཕན་ཐོགས་ཡོང་རྒྱུ་ཡིན་པ་གསུང་གནང་བྱུང་།

406243165_868183478643295_6676717523573464112_n.jpg
དེ་མིན་ཏཱ་ལའི་བླ་མའི་མཐོ་རིམ་སློབ་གཉེར་ཁང་གི་སློབ་དགེ་དཀོན་མཆོག་ལགས་ཀྱིས་རྗེ་ཙོང་ཁ་པའི་སྙན་ངག་ཞིབ་འཇུག་གནང་བ་དང་། ཕྱོགས་མཚུངས་ཏཱ་ལའི་བླ་མ་མཐོ་སློབ་ཁང་གི་སློབ་དགེ་བཤེས་བློ་བཟང་དངོས་གྲུབ་ལགས་ཀྱིས་གཞུང་ལུགས་དང་ལག་ལེན་ཟུང་འབྲེལ་གྱིས་མིང་གཞིའི་སྒོ་ནས་བྱ་ཚིག་གྲུབ་ཚུལ་ལ་དཔྱད་པ་གནང་འདུག་ལ་ཁོང་གིས་འབུམ་རམས་པ་སློབ་གཉེར་གནང་བ་ནི་སྤྱི་སྒེར་གཉིས་ཕན་པའི་སླད་དུ་གནང་བ་ཞིག་ཡིན་པ་གསུང་གནང་བྱུང་།
སྦེང་ལོར་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་དེ་ནི་གཙོ་བོ་བོད་ཕྲུག་ཚོ་འཛིན་རིམ་བཅུ་གཉིས་སློབ་ཐོན་བྱུང་བའི་རྗེས་བོད་པའི་ཆོས་དང་རིག་གཞུང་སྐད་ཡིག་སོགས་སློབ་སྦྱོང་སྤྲོད་ཆེད་ཕྱི་ལོ་༢༠༠༦་ལོར་ཐོག་མར་མཐོ་སློབ་ཁང་དེ་འཛུགས་བསྐྲུན་བྱ་རྒྱུར་༧གོང་ས་མཆོག་གིས་མ་དངུལ་ས་བོན་གསོལ་བསྩལ་གནང་པ་དང་། སྐུའི་གཅུང་མོ་རྗེ་བཙུན་པད་མ་ལགས་ཀྱིས་སྐུ་ལས་བསྐྱོན་པ་སོགས་ལ་བརྟེན་ནས་བྱུང་བ་དང་། མཐོ་སློབ་ཁང་དེ་རིམ་པས་མའེ་སོར་གཙུག་ལག་སློབ་གཉེར་ཁང་དང་། སྦེང་ལོར་གཙུག་ལག་སློབ་གཉེར་ཁང་གི་ཁོངས་སུ་ངོས་འཛིན་བྱུང་ཡོད་པ། ད་བར་མཐོ་སློབ་ཁང་དེ་ནས་གནའ་དེང་ཟུང་སྦྲེལ་ཀྱི་ཤེས་ཡོན་ལ་བསླབ་པ་མཐར་སོན་པའི་སློབ་མ་༨༠༠་ཙམ་བྱུང་ཡོད་པ་དང་། ད་ལྟའི་ཆར་མཐོ་སློབ་ཁང་དེའི་ནང་སློབ་ཕྲུག་ཁྱོན་བསྡོམས་༣༠༠མ་ཟིན་ཙམ་ཞིག་ཡོད་འདུག་ལ། མཐོ་སློབ་ཁང་དེ་ནི་བཙན་བྱོལ་སྤྱི་ཚོགས་ནང་བོད་པ་རང་གིས་འཛིན་སྐྱོང་བྱེད་བཞིན་པའི་མཐོ་སློབ་ཁང་གཅིག་པུ་དེ་ཡིན་པ་རེད་འདུག


གསར་འགོད་པ། པདྨ་དངོས་གྲུབ།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེས་བལ་ཡུལ་ནང་སེར་སྐྱ་མི་མང་ཁྲི་ཚོ་བརྒལ་བར་ཆོས་འབྲེལ་བཀྲིན་བསྐྱངས་པ།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ཤར་ཕྱོགས་ཁམས་སྡེ་དགེ་རྫོང་གི་དབོན་པོ་སྟོད་ཁུལ་དུ་བོད་མི་མང་པོ་འཛིན་བཟུང་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎