༧གོང་ས་མཆོག་གིས་ཉི་ཧོང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་ལ་མཇལ་ཁ་སྩལ་འདུག

2024.05.23
༧གོང་ས་མཆོག་གིས་ཉི་ཧོང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་ལ་མཇལ་ཁ་སྩལ་འདུག ༧གོང་ས་མཆོག་གིས་ཉི་ཧོང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་ལ་མཇལ་ཁ་སྩལ་སྐབས། ༠༥།༢༠།༢༠༢༤
OHHDL

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། འདི་ཚེས་༢༢ཉིན་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་གནད་ཡོད་མི་སྣ་ཁག་ལ་མཇལ་ཁ་སྩལ་བའི་ཁྲོད།
ཉི་ཧོང་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་སྣེ་ཁྲིད་པའི་ཉི་ཧོང་ཨོ་ས་ཀའི་གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་(Seifu Gakkuin)་ཞེས་པའི་སློབ་གྲྭའི་སློབ་སྤྱི་གཞོན་པ་དང་། བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ཧི་རོ་ཨོ་ཀ་(Hiraoka Hiraoki)་ལགས་དང་། ཉི་ཧོང་གྲོས་ཚོགས་འཐུས་མི་ཟུར་པ་དང་། ཉི་ཧོང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་ན་ག་ཧོ་ཏ་ཀ་ཤི་(Nagao Takashi)་ལགས་བཅས་ལ་མཇལ་ཁ་སྩལ་ཡོད་པ་དང་། སྐབས་དེར་ཁོང་རྣམ་པས་ཉི་ཧོང་གི་གྲོང་ཁྱེར་(Hiroshima)་ནང་སློབ་གྲྭ་ཞིག་གསར་འཛུགས་གནང་རྒྱུ་ཡིན་པས་ལོ་རྗེས་མར་སློབ་གྲྭ་དེ་དབུ་འབྱེད་ཀྱི་ཆེད་དུ་༧གོང་ས་མཆོག་ཉི་ཧོང་ནང་ཕེབས་རྒྱུའི་གསོལ་འདེབས་ཞུས་བར་མགོན་པོ་མཆོག་གིས་ཞལ་བཞེས་མཛད་ཡོད་པ་ཉི་ཧོང་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
ད་དུང་མཇལ་ཁའི་སྐབས་ཁོང་རྣམ་པས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ཉི་ཧོང་གི་ངོས་ནས་བོད་དོན་ཐོག་གང་གནང་ཐུབ་མིན་ཐད་བཀའ་འདྲི་ཞུས་པར། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་འདིའི་སྟེང་གི་དཀའ་རྙོག་ཚང་མ་མིས་བཟོས་པ་ཤ་སྟག་ཆགས་ཀྱི་ཡོད་དུས་གལ་ཆེ་ཤོས་ང་ཚོ་མི་བཟང་པོ་ཞིག་བྱེད་དགོས་པ་དང་། དེ་ཡང་ཆོས་ལུགས་ལ་མ་བརྟེན་པའི་མིའི་བཟང་སྤྱོད་གོང་མཐོར་གཏོང་གལ་ཆེ་བའི་སྐོར་བཀའ་སྩལ་ཡོད་པ་རེད།

Dalai lama japan Nagao Takashi (1).jpg
ཡང་ཉི་ཧོང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་ན་ག་ཧོ་ཏ་ཀ་ཤི་(Nagao Takashi)་ལགས་ཀྱིས། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དེ་སྔ་ཉི་ཧོང་ནང་ཕེབས་སྐབས་ཐེངས་མ་འགའ་ཤས་མཇལ་མྱོང་ཡོད་པ་དང་། ད་རེས་བཞུགས་སྒར་རྡ་རམ་ས་ལ་ནས་མཇལ་ཐུབ་པར་དགའ་ཚོར་ཆེན་པོ་བྱུང་། ༧གོང་ས་མཆོག་གིས་བོད་དང་ཉི་ཧོང་ཙམ་མིན་པར་འཛམ་གླིང་སྤྱིའི་ཞི་བདེའི་ཆེད་དུ་བཀའ་སློབ་ཟབ་རྒྱས་གནང་སོང་། ཉི་ཧིང་ནང་ཕྱི་ལོ་༡༩༦༠ཡས་མས་སུ་བོད་ནང་ཆབ་སྲིད་ཀྱི་དཀའ་ངལ་གང་བྱུང་མིན་དང་བོད་མི་མང་པོ་ཞིག་བཙན་བྱོལ་དུ་འབྱོར་ནས་དཀའ་ངལ་མང་དག་ཞིག་འཕྲད་བཞིན་པ་རྣམས་ཤེས་མཁན་ཧ་ཅང་ཉུང་ཤས་ལས་མེད་པ་དང་། ཕྱིས་སུ་བོད་ནང་གི་ཆབ་སྲིད་ཀྱི་དངོས་ཡོད་གནས་སྟངས་ཤེས་པ་དང་། ལྷག་པར་དུ་འཛམ་གླིང་སྤྱིའི་ཞི་བདེའི་ཆེད་དུ་བོད་ཀྱི་དཀའ་རྙོག་དེ་སེལ་རྒྱུ་གལ་ཆེན་ཡིན་པ་ཤེས་དུས་ཉི་ཧིང་མི་མང་དང་གྲོས་ཚོགས་ཀྱི་ངོས་ནས་བོད་དོན་ཐོག་རྒྱབ་སྐྱོར་གནང་མུས་ཡིན་པ་གསུངས་གནང་བྱུང་།
བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ཧི་རོ་ཨོ་ཀ་(Hiraoka Hiraoki)་ལགས་ཀྱིས། ༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་བོད་དོན་བདེན་མཐའ་སེལ་ཆེད་དུ་རྒྱ་ནག་ལ་གདོང་ལེན་བྱ་དགོས་པའི་བཀའ་སློབ་གནང་གི་མི་འདུག ཁོང་ཉིད་ཀྱིས་དུས་རྟག་ཏུ་འགྲོ་བ་མི་གཅིག་གྱུར་དང་འཛམ་གླིང་ཞི་བདེ། ལྷག་པར་དུ་མང་ཚོགས་ལ་བཟང་སྤྱོད་ཀྱི་སློབ་སྟོན་དང་སེམས་པ་བཟང་པོ་བྱ་དགོས་པའི་བཀའ་སློབ་སྩལ་བཞིན་པ་ཁོང་ལྟ་བུའི་རླབས་ཆེན་གྱི་དབུ་ཁྲིད་དེ་འཛམ་གླིང་ནང་དཀོན་པོ་ཡིན་པས་ངོས་རང་རྗེས་སུ་ཡི་རངས་དང་དད་པ་ཤུགས་ཆེ་སྐྱེས་བཞིན་ཡོད་པ་གསུངས་གནང་སོང་།
བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ཧི་རོ་ཨོ་ཀ་(Hiraoka Hiraoki)་ལགས་ཀྱི་ཕ་དམ་པས་དཔལ་ལྡན་རྒྱུད་སྨད་གྲྭ་ཚང་ལ་ལོ་མང་རིང་མཐུན་འགྱུར་གནང་མྱོང་ཡོད་པ་དང་། ༧གོང་ས་མཆོག་ལ་དད་གུས་ཤུགས་ཆེ་གནང་མཁན་ཞིག་ཡིན་འདུག ད་རེས་ཁོང་གཙོ་བོ་ཕ་དམ་པའི་ཁ་ཆེམས་དང་མ་འོངས་པར་ཉི་ཧོང་གི་སློབ་གྲྭ་ཞིག་གི་ནང་(SEE)་སིའི་ཤེས་ཡོན་དང་འབྲེལ་བའི་སློབ་ཁྲིད་གནང་རྒྱུའི་ལས་འཆར་དང་འབྲེལ་བའི་ཐོག་༧གོང་ས་མཆོག་ལ་སྙན་སེང་དང་ལམ་སྟོན་བཀའ་སློབ་ཞུ་རྒྱུའི་ཆེད་ཕེབས་པ་ཡིན་འདུག དེ་བཞིན་སྐུ་ཞབས་ན་ག་ཧོ་ཏ་ཀ་ཤི་མཆོག་ནི་ལོ་མང་རིང་ནས་བོད་དོན་ཐོག་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་ཞིག་དང་། ཉི་འོང་གི་སྲིད་བློན་ཟུར་པ་སྐུ་ཞབས་ཤིན་ཛོ་ཨ་བྷེ་མཆོག་དང་ཐུགས་ཉེ་པོ་ཡོད་མཁན་ཞིག་ཡིན་པ་མ་ཟད་བོད་དོན་རྒྱབ་སྐྱོར་ཚོགས་པའི་དྲུང་ཆེ་གནང་མུས་ཡིན་འདུག།


གསར་འགོད་པ། པ་སངས་ཚེ་རིང་།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱལ་སྤྱིའི་གསར་འགྱུར་རང་དབང་རྩོད་ལེན་ཚོགས་སྡེ་ཁག་གིས་ཨ་རིའི་གཞུང་འཛིན་གསར་པས་ཨ་རིའི་གོ་ལའི་བརྒྱུད་ལམ་ལས་ཁུངས་མེད་པར་བཟོ་རྒྱུའི་ཐག་གཅོད་ལ་སྐྱོན་བརྗོད་དང་རྒྱ་ནག་གི་གསར་ལམ་ནང་དགའ་བསུ་བྱས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་དོན་ཞུ་གཏུག་མཐུན་ཚོགས་ནས་རྒྱ་གར་གྲོས་ཚོགས་གོང་འོག་ནང་བོད་དོན་གླེང་སློང་ཡོང་ཆེད་ལྡི་ལིར་བོད་དོན་ཞུ་གཏུག་གནང་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎