རྒྱ་གར་གྱི་གནའ་བོའི་རིག་གནས་ལ་དོ་སྣང་མང་ཙམ་བྱ་དགོས། ༧གོང་ས་མཆོག་གིས།
2017.12.08
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་གནའ་བོའི་རིག་གནས་ལ་དོ་སྣང་མང་ཙམ་བྱ་དགོས་པ་བཀའ་སྩལ་འདུག
དེ་ཡང་འདི་ཚེས་༨་གཟའ་པ་སངས་ཉིན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་གྲོང་ཁྱེར་མུམ་བྷེ་(Mumbai)་ནང་ཡོད་པའི་(Somaiya)་སློབ་གྲྭའི་དགེ་སློབ་འདུ་འཛོམས་ཐོག་བཀའ་སློབ་སྩལ་སྐབས། གཞོན་སྐྱེས་ཚོས་རང་སོ་སོའི་རྒྱལ་ཁབ་ཀྱི་གནའ་བོའི་རིག་གཞུང་དང་ཤེས་ཡོན་ལ་དོ་སྣང་མང་ཙམ་བྱ་དགོས་པ་དང་། ལྷག་པར་དུ་གཞོན་སྐྱེས་ཁྱེད་ཚོ་ནི་རྒྱ་གར་གྱི་མ་འོངས་པ་ཡིན་པས། རྒྱ་གར་གྱི་གནའ་བོའི་སྲོལ་རྒྱུན་དང་རིག་གནས་ལ་དོ་སྣང་མང་ཙམ་བྱ་རྒྱུ་དེ་གལ་འགངས་ཆེན་པོ་ཡིན་པ་བཀའ་སྩལ་གནང་མཛད་པ་(The Hindu)་ཞེས་པའི་གསར་འགྱུར་བརྒྱུད་ལམ་གྱིས་གནས་ཚུལ་སྤེལ་འདུག
དེ་བཞིན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དགེ་སློབ་ཚོར་བཀའ་སློབ་སྩལ་བའི་ནང་། ཕྱི་ཚུལ་གྱི་རྣམ་པའི་ཐོག་དེང་དུས་ཀྱི་ཚན་རིག་དང་ཤེས་ཡོན་སློབ་གསོས་ཕན་ཐོག་ཆེན་པོ་ཡོད་པ་མ་ཟད། དེང་དུས་སྤྱི་ཚོགས་ནང་དེ་ཚོ་བེད་སྤྱོད་ཡང་ཧ་ཅང་ཆེན་པོ་རེད། ཡིན་ནའི་དེང་དུས་ཀྱི་ཚན་རིག་དང་ཤེས་ཡོན་གྱིས་ནང་སེམས་ཀྱི་བདེ་སྐྱིད་སྐྲུན་ཐུབ་རྒྱུར་ནུས་པ་དེ་ཙམ་ཐོན་ཐུབ་ཀྱི་མེད་པར་བརྟེན་རྒྱ་གར་གྱི་སྲོལ་རྒྱུན་རིག་གནས་ཀྱིས་ནང་ཞི་བདེ་བསྐྲུན་རྒྱུར་ཕན་ཐོག་ཡོང་རྒྱུ་ཡིན་པའི་སྐོར་བཀའ་སྩལ་གནང་མཛད་ཡོད་ཅིང་། དེ་བཞིན་མགོན་པོ་གང་ཉིད་ཀྱི་སྐུ་ཚེའི་རིང་དཀའ་སྡུག་སྣ་ཚོགས་འཕྲད་གནང་ཡོད་པ་དང་། དེ་ཚོ་སེལ་རྒྱུར་ནང་སེམས་ཀྱི་ཞི་བདེ་སྐྲུན་རྒྱུ་དེས་ཕན་ཐོག་ཆེན་པོ་བྱུང་གནང་སྟབས། སེམས་པའི་བདེ་བ་བསྐྲུན་རྒྱུར་ཉམས་ལེན་བྱ་རྒྱུ་དེ་གལ་འགངས་ཆེན་པོ་ཡིན་པའི་སྐོར་སོགས་བཀའ་སྩལ་གནང་མཛད་འདུག
དེ་རྗེས་ཕྱི་ཚེས་༡༡་ཉིན་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་སུ་ཆིབས་བསྒྱུར་བསྐྱང་སྟེ། ཕྱི་ཚེས་ ༡༧་བར་ཆོས་འབྲེལ་བཀྲིན་ཆེ་གནང་མཛད་ཀྱི་འདུག
དེ་ནས་སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་གིས་གསར་བཞེངས་ལེགས་གྲུབ་བྱུང་བའི་ཆོས་རྭ་དབུ་འབྱེད་དང་སྦྲགས་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོས་མཛད་པའི་རྟེན་འབྲེལ་བསྟོད་པའི་བཀའ་ཆོས་གནང་འགྲུབ་རྗེས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གྲོང་ཁྱེར་( Bengaluru)་ནང་དུ་མཐོ་སློབ་འདྲ་མིན་ནང་སློབ་སྦྱོང་བྱེད་བཞིན་པའི་བོད་རིགས་སློབ་ཕྲུག་རྣམས་ལ་བཀའ་སློབ་བསྩལ་རྒྱུའི་མཛད་འཆར་ཁག་ཅིག་ཡོད་པ་རེད།
གསར་འགོད་པ་འཆི་མེད།