སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་ཞབས་པུས་སྨན་བཅོས་ལེགས་གྲུབ་བྱུང་སྟེ་བཞུགས་གནས་གསོལ་མགྲོན་ཁང་དུ་ཆིབས་བསྒྱུར་གནང་འདུག

2024.06.28
གནས་ཚུལ་ཁ་སྣོན། ༢༠༢༤།༠༦།༢༩ ཆུ་ཚོད་ ༡༠།༣༠
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་ཞབས་པུས་སྨན་བཅོས་ལེགས་གྲུབ་བྱུང་སྟེ་བཞུགས་གནས་གསོལ་མགྲོན་ཁང་དུ་ཆིབས་བསྒྱུར་གནང་འདུག སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག
OHHDL

སྤྱི་ཟླ་༦པའི་ཚེས་༢༨ཉིན་གྱི་ཞོགས་པར་ཨ་རིའི་ནིའུ་ཡོག་གི་(Hospital of special surgery)་ཞེས་དམིགས་བསལ་བཤག་བཅོས་སྨན་ཁང་དུ་བོད་མིའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་ཞབས་པུས་དངོས་སུ་སྨན་བཅོས་གནང་ཡོད་པ་དང་། དགའ་ལྡན་ཕོ་བྲང་ཡིག་ཚང་གི་འབྲེལ་ཡོད་མི་སྣས་གསུངས་ན། ད་ལྟ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་ཞབས་པུས་སྨན་བཅོས་ལེགས་འགྲུབ་བྱུང་ཡོད་པ་རེད་འདུག རྗེས་སུ་སྐུའི་ཞབས་པུས་སྨན་བཅོས་ལེགས་འགྲུབ་བྱུང་བའི་ཐད་དགའ་ལྡན་ཕོ་བྲང་ཡིག་ཚང་དང་། སྐུའི་བླ་སྨན་པ་མཆོག་གིས་གསལ་བསྒྲགས་གནང་དོན།

སྨན་ཁང་ནས་བཞུགས་གནས་མགྲོན་ཁང་དུ་༧ཆིབས་སྒྱུར་མཛད་པ།
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཨ་རིའི་ནིའུ་ཡོག་གི་༧ཞབས་པུས་ཀྱི་སྨན་ཁང་རྩེ་ཕུད་ Hospital of Special Surgery ཞེས་པ་ནས་༧སྐུའི་ཞབས་པུས་ཀྱི་འཕྲོད་བཞེས་ལེགས་གྲུབ་བྱུང་སྟེ་ཕྱི་ཟླ་ ༦ ཚེས་ ༢༩ རེས་གཟའ་སྤེན་པའི་ཉིན་གྱི་སྔ་དྲོ་ཕྱག་ཚོད་ ༡༠།༣༠ ཙམ་གྱི་ཐོག་བཞུགས་གནས་མགྲོན་ཁང་དུ་ཆིབས་སྒྱུར་མཛད་ཡོད་པ་རེད།

སྨན་ཁང་གིས་བསྒྲགས་གཏམ།
སྨན་ཁང་གི་རུས་ཚིགས་བརྗེ་འགྱུར་སྡེ་ཚན་གྱི་གཙོ་འཛིན་སྨན་པ་ David J. Mayman ལགས་ཀྱིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་རེས་གཟའ་སྤེན་པའི་སྔ་དྲོ་སྨན་ཁང་ནས་ཆིབས་ཐོན་མཛད་པ་གསུངས་ཤིང་། ༧སྐུའི་ཞབས་པུས་ཡོངས་སུ་དྲག་སྐྱེད་ཡག་པོ་འབྱུང་རྒྱུའི་སྔོན་དཔག་ཞུ་གི་ཡོད་པ་སྨན་ཁང་གི་དྲ་རྒྱའི་ཐོག་གསལ་བསྒྲགས་གནང་འདུག་ལ། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་བླ་སྨན་པ་དང་། སྟོན་འཁོར་ལྷན་རྒྱས་ནས་བཤག་བཅོས་སྨན་པ་དང་ལས་བྱེད་པའི་ལྷན་མུ་མཐུད་འབྲེལ་མཐུད་ཡག་པོ་ཡོད་པ་གསུངས་པ་མ་ཟད། ད་རེས་སྨན་ཁང་འདིར་༧གོང་ས་༧སྐྱབས་མགོན་ཆེན་པོས་ཐུགས་ཡིད་ཆེས་བློས་འགེལ་གནང་པར་བཀའ་དྲིན་ཆེ་ཞེས་ཞུས་འདུག

བོད་ནང་གི་བོད་མིའི་སྨོན་འདུན།

ཚེས་༢༨ཉིན་ལྷ་སའི་གཙུག་ལག་ཁང་དང་ར་མོ་ཆེ་གཙུག་ལག་ཁང་གཙོས་ཉེ་འཁོར་དགོན་སྡེ་ཁག་ནང་སྒྲོལ་མ་གསོག་སྒྲུབ་གནང་མཁན་སོགས་མང་པོ་ཡོད་པ་དང་། བོད་མི་ཕན་ཚུན་ལན་སྤྲོད་རེས་བྱས་ནས་སངས་རྒྱས་སྨན་བླའི་གཟུངས་སྔགས་དང་སྨོན་ལམ་འདོན་པ་སོགས་གནང་མཁན་མང་པོ་བྱུང་འདུག་ལ། སྐུའི་ཞབས་པུས་སྨན་བཅོས་ཡག་པོ་བྱུང་ཡོད་པའི་ལན་གསང་བའི་ངང་སྤྲོད་རེས་བྱས་པ་སོགས་ཀྱི་གནས་ཚུལ་བོད་ནས་བརྗོད་མཁན་བྱུང་། ཡིན་ན་ཡང་ལྷ་སའི་གཙུག་ལག་ཁང་དང་དགོན་པ་ཁག་ལ་བརྟག་དཔྱད་ཞིབ་བཤེར་བྱེད་མཁན་ནན་པོ་ཡོད་རུང་གཞུང་ལ་བརྟེན་མི་དགོས་པའི་མང་ཚོགས་མང་པོས་༧གོང་ས་མཆོག་གི་སྨན་བཅོས་ལེགས་གྲུབ་ཡོང་བའི་སྨོན་ལམ་འདེབས་བཞིན་ཡོད་འདུག
གཞན་ད་ལྟ་རང་བོད་ནང་ནས་བོད་མི་ཞིག་གིས་༧སྐུའི་ཞབས་པུས་སྨན་བཅོས་ལེགས་འགྲུབ་བྱུང་པའི་སྐོར་གོ་ཐོས་བྱུང་རྗེས་ཧ་ཅང་ཡག་པོ་བྱུང་འདུག་ཅེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་དགའ་ཚོར་དང་བཅས་འགྲེལ་བརྗོད་གནང་བྱུང་།

སྤྱི་ཟླ་༦པའི་ཚེས་༢༨ཉིན། འཛམ་གླིང་གི་ས་གནས་གང་སར་༧གོང་ས་མཆོག་གི་སྨན་བཅོས་ལམ་ལྷོང་ཡོང་སླད་ཞབས་རིམ་གསོག་སྒྲུབ་གནང་བཞིན་པ་ལྟར། རྒྱ་གར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། རྣམ་རྒྱལ་གྲྭ་ཚང་ཕན་བདེ་ལེགས་བཤད་གླིང་དང་ཀིརྟི་གྲྭ་ཚང་། མཚན་ཉིད་གྲྭ་ཚང་དང་མདོ་སྨད་དབུས་རྒྱུན་སོགས་ནས་གཙོ་འགན་ཆེ་བཞེས་ཀྱིས། ཉིན་མཚན་གཉིས་ཀར་སྨན་བླའི་གཟུངས་སྔགས་གསོག་སྒྲུབ་ཀྱིས་ཞབས་བརྟན་གསུང་འདོན་གནང་གི་ཡོད་པ་མ་ཟད། ཕྱི་དྲོ་ནས་བཟུང་ཧིན་བོད་མཛའ་འབྲེལ་ཚོགས་པས་གོ་སྒྲིག་གིས་རྡ་རམ་ས་ལ་ཉེ་འཁོར་གྱི་ཧིན་རྡུ་དང་ཡེ་ཤུ ཁ་ཆེ་དང་སིཀ་ཆོས་ལུགས། ནང་པ་བཅས་ཀྱི་སྐུ་ཚབ་ཆོས་པ་རྣམས་ཆེད་ཕེབས་ཀྱིས། བོད་མིའི་དབུ་ཁྲིད་༧གོང་ས་མཆོག་གི་ཞབས་པུས་སྨན་བཅོས་ལེགས་འགྲུབ་ཡོང་བ་དང་། ཐུགས་ཀྱི་བཞེད་དགོངས་ཐ་དག་ལྷུན་གྱིས་འགྲུབ་པར་ཆེད་དམིགས་སྨོན་ལམ་གསུང་འདོན་གནང་ཡོད།

DSC02446.JPG
རྡ་རམ་ས་ལའི་གཙུག་ལག་ཁང་དུ་ཆོས་ལུགས་ཁག་འདྲ་མིན་གྱི་སྐུ་ཚབ་མཉམ་འཛོམས་ཀྱིས་༧གོང་ས་མཆོག་གི་ཞབས་རིམ་སྒྲུབ་བཞིན་པ། ༠༦།༢༨།༢༤ པར། བསྟན་འཛིན་འོད་ཟེར། RFA/ Dhasa

ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་རཱམ་བསོ་རབ་ལགས་ནས། ཆོས་ལུགས་ཁག་གི་འདུ་འཛོམས་སྨོན་ལམ་འདི་ནི་༧གོང་ས་མཆོག་སྐུ་ཚེ་ཞབས་པད་བརྟན་པ་དང་། ཨ་མི་རི་ཀའི་ནང་སྨན་བཅོས་གང་མགྱོགས་དོན་སྨིན་ཡོང་བའི་ཆེད་ཡིན་ལ། མགོན་པོ་གང་ཉིད་ལྟ་བུའི་རླབས་ཆེན་གྱི་མི་སྣ་དེ་འདྲ་ཞིག་གིས་རྡ་རམ་ས་ལ་ནི་སོ་སོའི་བཞུགས་སྒར་དུ་བདམས་གནང་བ་དེས། ང་ཚོ་ཧ་ཅང་བསོད་ནམས་ཆེན་པོར་ཚོར་གྱི་འདུག་ཅེས་འགྲེལ་བརྗོད་གནང་སོང་།
ཨ་མི་རི་ཀའི་ནང་༧གོང་ས་མཆོག་ཞབས་པུས་སྨན་བཅོས་ཀྱི་སླད་ཆིབས་སྒྱུར་བསྐྱངས་པ་ནས་བཟུང་། འཛམ་གླིང་ཡུལ་གྲུ་གང་སར་གནས་པའི་བོད་མི་སྤྱི་དང་། ཁྱད་པར་རྒྱ་གར་ནང་གི་ཧི་མ་ལ་ཡའི་རི་རྒྱུད་དང་། བོད་མི་བཙན་བྱོལ་བ་གནས་སྡོད་ཀྱི་དགོན་སྡེ་ཁག་དང་གཞིས་ཆགས་ཁག་བཅས་སུ་ཞབས་རིམ་ཇི་འགྲོ་བསྒྲུབ་བཞིན་པའི་ཁར། བོད་མིའི་སྒྲིག་འཛུགས་ནས་ཀྱང་སྤྱི་ཚེས་༢༨ཀྱི་ཉིན་རྒྱབ་ནས་སྲི་ཞུ་ལས་བྱེད་པ་ཡོངས་ཀྱིས་ཞབས་རིམ་ཇི་ཆེར་བསྒྲུབས་ཡོད་པ་རེད།


གསར་འགོད་པ། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་ནས།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ། ནོར་སྡེ་སྒྲོལ་མ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་ནང་ས་ཡོམ་ཤུགས་ཚད་ ༧.༡ བརྒྱབ་སྟེ་མི་ ༡༢༦ རྐྱེན་འདས་དང་རྨས་སྐྱོན་ཕོག་པའི་གྲངས་འབོར་ ༡༨༨ ནས་ཚེས་ ༡༠ ཉིན་ ༣༣༧ ལ་ཕར་པ་དང་།  ཕྱི་ཚེས་ ༡༤ བར་འགུལ་ལྷག་ཐེངས་ ༣༦༡༤ ཙམ་བྱུང་པ་བསྒྲགས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་ས་ཡོམ་གྱི་གོད་ཆགས་བྱུང་བ་དེ་ལ་བརྟེན་ནས་རྒྱ་ནག་གིས་ཡར་ཀླུང་གཙང་པོར་ཆུ་རགས་བརྒྱབ་རྒྱུར་བསམ་བློ་གཉིས་པ་གཏོང་དགོས་ཐུག་ཡོད།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎