༧གོང་ས་མཆོག་གི་ཕོ་བྲང་ལ་སྲུང་སྐྱོབ་དོ་ནན་གཏོང་རྒྱུ་ཡིན་པ།


2015.12.31
Share on WhatsApp
Share on WhatsApp
༧གོང་ས་མཆོག་དང་ཧི་མ་ཅལ་མངའ་སྡེའི་བློན་ཆེན་རྣམ་གཉིས་ཕོ་བྲང་མདུན། ༢༠༡༥།༦།༢༢ ༧གོང་ས་མཆོག་དང་ཧི་མ་ཅལ་མངའ་སྡེའི་བློན་ཆེན་རྣམ་གཉིས་ཕོ་བྲང་མདུན། ༢༠༡༥།༦།༢༢
OHHDL

རྒྱ་གར་ཧི་མ་ཅལ་མངའ་སྡེའི་ཉེན་རྟོག་ཁང་གིས་༧གོང་ས་མཆོག་གི་བཞུགས་གནས་ཀྱི་སྲུང་སྐྱོབ་ཆེད་སྔར་བས་ཤུགས་སྣོན་གནང་རྒྱུ་ཡིན་འདུག
དེ་ཡང་དེ་རིང་རྒྱ་གར་གྱི་གསར་ལམ་ཁག་གི་གནས་ཚུལ་ལྟར་ན། རྒྱ་གར་གསང་བའི་ལས་ཁུངས་དང་། ཧི་མ་ཅལ་མངའ་སྡེའི་གཞུང་གི་བདེ་སྲུང་ལས་ཁུངས་སོགས་གསང་བའི་ལས་ཁུངས་མང་པོ་ཞིག་གིས་མཉམ་ལས་ཞིབ་འཇུག་བྱས་པ་བརྒྱུད། ༧གོང་ས་ཏཱ་ལའི་བླ་མ་མཆོག་གི་སྐུ་ཕྱྭའི་བདེ་སྲུང་ཡར་རྒྱས་གཏོང་ཆེད་སྐུའི་བཞུགས་གནས་ཀྱི་བདེ་སྲུང་མི་སྣ་མང་རུ་གཏོང་རྒྱུ་ཡིན་པ་དང་། སྤུས་ཚད་ལེགས་པའི་བརྙན་ལེན་འཕྲུལ་ཆས་དང། ཅ་དངོས་ཞིབ་བཤེར་འཕྲུལ་ཆས། ཉེན་སྲུང་འཕྲུལ་ཆས་རིགས་གསར་འཛུགས་བྱ་རྒྱུ་ཡིན་སྐོར་བསྒྲགས་འདུག  དེ་བཞིན་ནང་སྲིད་ལས་ཁུངས་ཀྱིས་ང་ཚོའི་ལས་འཆར་དེར་རྒྱབ་སྐྱོར་ཐོབ་པ་ཡིན་ན། ང་ཚོས་བདེ་སྲུང་མི་སྣ་༥༠་ནས་༡༠༠་ལྷག་འཕར་སྣོན་བྱ་རྒྱུ་ཡིན་ཞེས་དང་། ཕྱོགས་མཚུངས་ཧི་མ་ཅལ་མངའ་སྡེའི་ཉེན་རྟོག་ཁང་གིས་གོང་གསལ་ཞིབ་ཕྲའི་ལས་འཆར་མངའ་སྡེའི་ནང་སྲིད་ལས་ཁུངས་སུ་ཕུལ་ཡོད་སྟབས་མ་འོངས་པར་མངའ་སྡེའི་ནང་སྲིད་ལས་ཁུངས་ཀྱིས་དབུས་ནང་སྲིད་ལས་ཁུངས་ལ་སྙན་སེང་ཞུས་ཏེ་༧གོང་ས་མཆོག་གི་སྐུ་ཕྱྭའི་བདེ་སྲུང་ཆེད་དཔལ་འབྱོར་གྱི་འགྲོ་གྲོན་སྔར་ལས་མང་བ་གཏོང་རྒྱུར་བཀའ་འཁྲོལ་ཞུ་རྒྱུ་ཡིན་འདུག
གནས་ཚུལ་དེའི་ནང་མུ་མཐུད་བཀོད་པར། ༧གོང་ས་མཆོག་གི་སྐུ་ཕྱྭའི་བདེ་སྲུང་ལ་ཤུགས་སྣོན་བྱེད་དགོས་པ་གཙོ་བོ་ནི། ཕྱི་ཕྱོགས་ནས་སྐུ་ཕྱྭར་ཉེན་ཁ་བཟོ་སྲིད་པར་དོགས་ཟོན་བྱེད་ཀྱི་ཡོད་པ་རེད།  
ཕྱོགས་མཚུངས་ཟླ་བ་འདིའི་ཚེས་༡༤ཉིན། རྒྱ་གར་དབུས་གཞུང་གིས་རྒྱ་གར་མངའ་སྡེའི་མཁའ་འགྲུལ་ལས་ཁུངས་ལ། བོད་མིའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་གར་རྒྱལ་ཡོངས་ཀྱི་གནམ་ཐང་ཁག་ཏུ་སྐུ་ལུས་ལ་ཞིབ་བཤེར་བརྒྱུད་མི་དགོས་པའི་དམིགས་བསལ་ཆེ་ཐོངས་མཐུན་རྐྱེན་མུ་མཐུད་འབུལ་རྒྱུའི་བཀའ་ཁྱབ་བཏང་ཡོད་པ་རེད།
གོང་གསལ་བཞུགས་སྒར་ཕོ་བྲང་གི་བཞུགས་གནས་ཀྱི་བདེ་སྲུང་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུ་ཡིན་པའི་གནས་ཚུལ་སྐོར་ལ་སྐུ་སྒེར་དྲུང་ཆེ་སྟག་ལྷ་བསྟན་འཛིན་ལགས་སུ་བཅའ་འདྲི་ཞུས་པར་༧གོང་ས་མཆོག་གི་སྐུའི་སྲུང་ཕྱྭའི་ཐད་གཙོ་བོ་རྒྱ་གར་གཞུང་རང་ནས་ཐུགས་འགན་བཞེས་བཞིན་ཡོད་པས་རྒྱ་གར་གཞུང་གི་གནང་ཕྱོགས་ཤིག་ཡིན་པ་འགྲེལ་བརྗོད་གནང་བྱུང་།

གསར་འགོད་པ་འཇམ་དཔལ་ཕུན་ཚོགས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱི་མངའ་སྡེའི་དཔོན་རིགས་ཚོར་བོད་མིའི་དཀའ་ངལ་སྐོར་སྙན་སེང་ཞུས་པ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎