འཛམ་གླིང་གི་མི་རབས་གསར་པ་ཚོར་ཤེས་ཡོན་ཚད་དང་ལྡན་པ་སྤྲོད་རྒྱུ་གལ་ཆེ། ༧གོང་ས་མཆོག་གིས།
དེང་སྐབས་འཛམ་གླིང་དཀྱིལ་ཤར་མངའ་ཁུལ་དང་ཨ་ཧྥི་རི་ཀ། དེ་བཞིན་ལྷོ་ཤར་ཨེ་ཤེ་ཡ་སོགས་ཀྱི་ནང་དམག་འཁྲུག་དང་རྩོད་རྙོག་སོགས་ཀྱི་དབང་གིས་བུད་མེད་དང་བྱིས་པ་གཙོ་བོར་གྱུར་བའི་མང་ཚོགས་རྣམས་ལ་དཀའ་སྡུག་ཧ་ཅང་མྱོང་བཞིན་ཡོད་པ་དང་། རྩོད་རྙོག་གི་ཤུགས་རྐྱེན་ཐེབས་པའི་ཡུལ་ལུང་ཁག་གི་གཞོན་སྐྱེས་འགོ་ཁྲིད་ཚོར། འདི་ཚེས་༡༥་ཉིན་ཨ་མི་རི་ཀའི་ཞི་བདེའི་ལྟེ་གནས་ཁང་(United States Institute of Peace)་གི་གོ་སྒྲིག་འོག བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་རྡ་རམ་ས་ལའི་རྒྱལ་བའི་ཕོ་བྲང་ནས་བརྙན་འཕྲིན་དྲ་ལམ་ཐད་གཏོང་བརྒྱུད་བྱམས་བརྩེ་དང་ཤེས་ཡོན། འདྲ་མཉམ་བཅས་ཀྱི་བརྗོད་གཞིའི་ཐོག་ཉིན་གཉིས་པའི་བཀའ་སློབ་ལམ་སྟོན་མཛད་པའི་སྐབས། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། ང་ཚོའི་ཤེས་ཡོན་གྱི་ལྟེ་གནས་ཁང་ནང་། ནམ་རྒྱུན་སློབ་ཁྲིད་གནང་བཞིན་པའི་འཛམ་གླིང་དམག་ཆེན་ཁག་གི་སྐོར་དང་། གོ་མཚོན་བཟོ་སྟངས་སོགས་ཀྱི་ཤེས་བྱ་དེ་དག་གལ་གནད་ཆུང་བར་ངོས་འཛིན་གྱིས། ངེས་པར་དུ་དོན་དམ་གྱི་ཞི་བདེ་ལྡན་པའི་འཛམ་གླིང་ཞིག་ཇི་ལྟར་བསྐྲུན་དགོས་པའི་སྐོར་དང་། འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་ཡོང་རྒྱུའི་ཐད་མི་རབས་གསར་པ་ཚོར་དེང་གི་ཤེས་ཡོན་གྱི་ལམ་ནས་སློབ་ཁྲིད་གནང་རྒྱུ་གལ་ཆེ་བ་བཀའ་གནང་སོང་།
ད་དུང་༧གོང་ས་མཆོག་གིས། འདས་པའི་དུས་རབས་འགའ་ཤས་ནང་འགྲོ་བ་མི་ཕན་ཚུན་གསོད་རེས་དང་། རྩོད་རྙོག་སོགས་མང་པོ་ཞིག་བྱུང་བའི་ཁར། ངོས་རང་གི་འདས་པའི་མི་ཚེའི་ནང་འཛམ་གླིང་དམག་ཆེན་དང་པོ་དང་གཉིས་པ་གཉིས་ཀ་བྱུང་ཡོད་པ་དང་། སྐབས་དེའི་མི་མང་ཚོས་དེ་ནི་སྤྱིར་བཏང་ལྟ་བུ་ཞིག་ལ་ངོས་འཛིན་གནང་གི་ཡོད་ལ། དེ་སྔ་མི་འགས་སོ་སོའི་རྒྱལ་ཁབ་ཀྱི་ཁེ་ཕན་ཁོ་ནའི་ཆེད་དུ་འགྲོ་གྲོན་ཤུགས་ཆེར་བཏང་ནས་རྡུལ་ཕྲན་མཚོན་ཆ་ཚུད་པའི་གོ་མཚོན་སྣ་ཚོགས་ཤིག་བཟོ་བསྐྲུན་བྱས་ཡོད། འོན་ཀྱང་། ད་ཆ་བསམ་བློ་གཏོང་སྟངས་དེར་རིམ་པས་འགྱུར་བ་འགྲོ་བཞིན་ཡོད་པ་དང་། མི་མང་པོ་ཞིག་གིས་འཛམ་གླིང་ཞི་བདེ་ཡོང་ཐབས་ལ་འབད་བཞིན་ཡོད་པ་མ་ཟད། རྒྱལ་ཁབ་བྱེ་བྲག་པ་སོ་སོའི་སྒེར་གྱི་ཁེ་ཕན་དེ་འཛམ་གླིང་ཁྱོན་ཡོངས་དང་འབྲེལ་བ་ཡོད་པ་དགོངས་མཁན་ཇེ་མང་དུ་འགྲོ་བཞིན་ཡོད། དེར་བརྟེན། ངོས་རང་གི་མི་ཚེའི་ནང་འཛམ་གླིང་སྤྱིའི་མི་མང་གི་བསམ་བློ་གཏོང་སྟངས་ལ་འགྱུར་བ་ཆེན་པོ་ཕྱིན་ཡོད་པ་མཐོང་གི་འདུག་ལ། ད་དུང་མུ་མཐུད་ང་ཚོས་འཛམ་གླིང་གི་མི་རབས་གསར་པ་ཚོར་ཤེས་ཡོན་ཚད་དང་ལྡན་པ་ཞིག་སྤྲོད་རྒྱུ་གལ་ཆེ་ཡིན་ཞེས་བཀའ་ཕེབས་སོང་།
ཡང་སྐབས་དེར་(Venezuela)་རྒྱལ་ཁབ་ནང་ལྟེ་གནས་ཁང་དེ་ཉིད་ཀྱི་མི་རབས་གསར་རྙིང་འཕོ་འགྱུར་གྱི་ལས་འཆར་ཐོག་འགན་ཁུར་གནང་མཁན་ན་གཞོན་(Sophia Santi)་ལགས་ཀྱིས། ངོས་རང་དེ་སྔ་(Venezuela)་དུ་གཙུག་ལག་སློབ་ཆེན་ཞིག་ནང་ཉེ་བའི་རམས་བྱམས་པའི་སློབ་གཉེར་གནང་བའི་སྐབས། དགེ་རྒན་ཞིག་ལ་ངའི་སློབ་གྲོགས་ཤིག་གིས་གནའ་རབས་ཀྱི་གྷིར་ཁ་(Greek)་སྐོར་གྱི་གནད་དོན་ཞིག་གི་ཐོག་དྲི་བ་དྲིས་སྐབས། དགེ་རྒན་དེས་འཕྲལ་དུ་ལན་མ་ཤེས་སྟབས། ཁོ་མོར་དམའ་འབེབས་དང་། ཐུབ་ཚོད་སོགས་བཏང་བའི་དབང་གིས། ངའི་གྲོགས་མོ་དེ་སློབ་ཆེན་ནས་རྩ་དགོངས་ཞུ་དགོས་བསམ་པའི་གནས་ཚུལ་འདི་འདྲ་ཡང་བྱུང་སོང་། དེར་བརྟེན། ད་རེས་༧གོང་ས་ཏཱ་ལའི་བླ་མ་མཆོག་ནས་དགེ་རྒན་དེར་བཀའ་སློབ་ལམ་སྟོན་ཞིག་གནང་རོགས་ཞེས་གསོལ་འདེབས་ཞུས་པར། ༧གོང་ས་མཆོག་གིས། མ་འོངས་པ་ནི་ད་ལྟའི་མི་རབས་ཚོའི་ལག་ཏུ་ཡོད་པ་ཚང་མས་མཁྱེན་གསལ་རེད། དགེ་རྒན་ཚོ་རྒན་ཡོལ་ཞུ་པའི་སྐབས། ཁོང་གི་སློབ་མ་ཚོས་དགེ་རྒན་འདི་ནི་ཧ་ཅང་གི་ངོ་མཚར་ཅན་ཞིག་ཡིན་ཞེས་བརྗོད་ཀྱི་འདུག་ན། དགེ་རྒན་རང་ཉིད་ཡིན་ནའང་། དགའ་ཚོར་ཆེན་པོ་ངང་རྒན་ཡོལ་དུ་ཕེབས་ཆོག དེ་མིན་སོ་སོའི་སློབ་ཕྲུག་ལ་ཐུབ་ཚོད་དང་སྤྱོད་ཚུལ་ངན་པའི་རིགས་བྱེད་མཁན་དགེ་རྒན་རིགས་ལ་སློབ་ཕྲུག་ཚོ་དགའ་པོ་བྱེད་ཀྱི་མ་རེད་ལ། འཛིན་ཁང་ཙམ་མ་ཟད། ཕྱིར་ཐུག་འཕྲད་བྱུང་པའི་སྐབས་སློབ་མ་རྣམས་སོ་སོར་གཡོལ་ནས་འགྲོ་ཡི་རེད། དེ་འདྲའི་གནས་སྟངས་སྐབས་ལ་དགེ་རྒན་རང་ཉིད་རང་བཞིན་གྱི་སྐྱིད་པོ་མེད་པ་ཆགས་ཀྱི་རེད། དེར་བརྟེན། དགེ་རྒན་དང་སློབ་མའི་བར་གྱི་འབྲེལ་བ་དམ་ཟབ་དགོས་རྒྱུ་ནི་ཧ་ཅང་གི་གལ་འགངས་ཆེ་ཞིང་། ལྷག་པར་དུ་དགེ་རྒན་ལ་ཇི་ཙམ་བྱམས་བརྩེའི་བསམ་བློ་ཡོང་ན་དེ་བས་སློབ་མ་དང་འབྲེལ་བ་དམ་ཟབ་ཡོང་ཐུབ་ལ། གཙོ་བོ་དགེ་རྒན་ཚོས་སློབ་མའི་མ་འོངས་མདུན་ལ་དམིགས་ཏེ་སློབ་ཁྲིད་གནང་རྒྱུ་གལ་ཆེ་ཡིན་པ་བཀའ་གནང་སོང་།
གཞན་(Morocco)་རྒྱལ་ཁབ་ནང་ལྟེ་གནས་ཁང་དེ་ཉིད་ཀྱི་མི་རབས་གསར་རྙིང་འཕོ་འགྱུར་གྱི་ལས་འཆར་ཐོག་འགན་ཁུར་གནང་མཁན་ན་གཞོན་(Soukaina)་ལགས་ཀྱིས། སྤྱི་ལོ་༢༠༡༦་ལོར་༧གོང་ས་ཏཱ་ལའི་བླ་མ་མཆོག་མཇལ་ཏེ་ངའི་བསམ་བློར་འགྱུར་བ་ཆེན་པོ་ཕྱིན་སོང་། དུས་དེ་ནས་བཟུང་སློབ་སྦྱོང་ཟེར་བ་དེ་ཞི་བདེ་དང་། བདེ་སྐྱིད་སོགས་དང་ཇི་ཙམ་གྱི་འབྲེལ་བ་ཡོད་པའི་སྐོར་ཤེས་རྟོགས་བྱུང་སོང་ལ། ཁོང་མོ་སྔར་ལས་ཀྱང་ཁ་ཆེའི་ཆོས་ལུགས་ཀྱི་རྗེས་འབྲང་པ་བཟང་པོ་ཞིག་ཏུ་གྱུར་སོང་ཞེས་སྙན་སེང་ཞུ་སྐབས། ༧གོང་ས་མཆོག་གིས། ངོས་ནས་ལྟ་གྲུབ་འདྲ་མིན་ཡོད་མིན་ལ་མ་ལྟོས་པར། ཆོས་ལུགས་ཚང་མའི་དམིགས་ཡུལ་གཅིག་ཡིན་པ་མཐོང་གི་ཡོད། ཆོས་ལུགས་ཚང་མས། བྱམས་བརྩེ་སྤེལ་བ་དང་། མི་བཟང་པོ་ཞིག་བྱ་དགོས་པའི་སློབ་སྟོན་གནང་གི་ཡོད། སྐབས་རེར་གནད་དོན་ཆུང་ཚགས་རེ་ཟུང་གི་དབང་གིས་རྩོད་རྙོག་རིགས་ཡོང་གི་ཡོད་པ་དེར་འཕྲལ་དུ་ཁེ་ཕན་རིགས་ཡོད་སྲིད་པ་ལས། དོན་དམ་གྱི་ཁེ་ཕན་རིགས་མེད། དེ་ལས་དྲང་བདེན་དང་ཞི་བདེའི་འཚོ་བར་དོན་དམ་ཁེ་ཕན་ཡོད་ཅེས་བཀའ་གནང་སོང་།
གཞི་རྩའི་ཨ་རིའི་ཞི་བདེ་གོང་འཕེལ་ལྟེ་གནས་ཁང་གི་གོ་སྒྲིག་འོག་སྤྱི་ལོ་༢༠༡༦་ལོར་བཞུགས་སྒར་དུ་བགྲོ་གླེང་ལྷན་ཚོགས་དེ་བཞིན་ཐོག་མར་དབུ་འཛུགས་གནང་སྐབས། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་དང་ཟུང་འབྲེལ་གྱི་སྒོ་ནས་ལས་རིམ་གོ་སྒྲིག་གནང་ཡོད་ཅིང་། ད་རེས་ཀྱི་ལྷན་ཚོགས་དེ་ནི་ཐེངས་༦་པ་དེ་ཆགས་ཀྱི་ཡོད་པ་མ་ཟད། ད་བར་འཛམ་གླིང་གི་རྒྱལ་ཁབ་༡༩་ཙམ་ནས་གཞོན་སྐྱེས་༡༠༠་ལྷག་བགྲོ་གླེང་ལྷན་ཚོགས་འདིའི་ཐོག་མཉམ་ཞུགས་གནང་ཡོད་འདུག
གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།