༸གོང་ས་མཆོག་གིས་བོད་ནང་ནད་ཡམས་ཞི་ཆེད་ཐུགས་སྨོན་ཡོད་ཅེས་བཀའ་སྩལ་གནང་བ།

འདི་ཚེས་༧ ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཚོགས་པ་ལྔས་བརྟན་བཞུགས་བསྟར་འབུལ་ཞུས་པའི་སྐབས། ༸གོང་ས་མཆོག་གིས་ད་ལྟ་བོད་ནང་དཀའ་ངལ་འཕྲད་བཞིན་པའི་ནད་ཡམས་དེ་ཉིད་ཞི་ཆེད་ཐུགས་སྨོན་གནང་རྒྱུ་ཡིན་ཞེས་དང་། སྒྲོལ་མའི་གཟུངས་སྔགས་འགྲོ་གང་ཆེ་གསོག་སྒྲུབ་ཐུབ་ཚེ་ནད་ཡམས་ཞི་བར་ཕན་ཐོགས་ཆེན་པོ་ཡོད་པའི་སྐོར་བཀའ་སྩལ་སོང་། ༸གོང་ས་མཆོག་གིས་མ་འོངས་མོན་ཡུལ་དུ་ཆིབས་སྒྱུར་བསྐྱང་རྒྱུའི་དགོངས་གཞི་ཡོད་སྐོར་དང་། མགོན་པོ་གང་ཉིད་ཀྱི་ཐུགས་རྒྱུད་ལ་བྱང་ཆུབ་སེམས་ཀྱི་མྱོང་བ་བཅོས་མ་ཞིག་ཡོད་པའི་ཐོག་ནས་འགྲོ་བའི་སྔུག་བསྔལ་སེལ་ཆེད་ཉིན་མཚན་བསྟུད་མར་སྨོན་ལམ་འདོན་གནང་གི་ཡོད་ཅེས་བཀའ་ཕེབས་སོང་། ཡང་ཉེ་ལམ་མགོན་པོ་གང་ཉིད་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་༸སྐུའི་འཕྲོད་བཞེས་བརྟག་དཔྱད་གནང་ཡོད་ཀྱང་། ༸སྐུའི་འཕྲོད་བཞེས་གསལ་ཐང་ཡིན་པ་གསུངས་ཡོད་སྐོར་བཀའ་སྩལ་སོང་།
ཐེངས་འདིའི་བརྟན་བཞུགས་བསྟར་འབུལ་གནང་མཁན་གྱི་ཁོངས་སུ་མོན་ཡུལ་བསྟན་དོན་རིག་གཞུང་གཅེས་སྐྱོང་ལྷན་ཚོགས་དང་། གཞིས་བྱེས་རྒྱལ་བ་ཇོ་ནང་པ། མདོ་སྨད་མང་འབའ་བྱ་གསུམ། བལ་ཡུལ་རྣམ་རྒྱལ་མཐོ་འབྲིང་གི་དགེ་ལས་སློབ་ཟུར་རྣམ་པ། དེ་བཞིན་སེཌ་ནི་བོད་རིག་མཐུན་ཚོགས་བཅས་ཚོགས་པ་ལྔ་ཡོད་འདུག་ཅིང་། ལྷག་པར་མོན་ཡུལ་ནས་དད་ལྡན་ཆོས་ཞུུ་བ་ ༧༠༠ ཙམ་ཞིག་མཉམ་ཞུགས་གནང་འདུག
དེ་རིང་བརྟན་བཞུགས་ཀྱི་ཚོགས་མགོན་དུ་དགའ་ལྡན་ཁྲི་ཐོག་ ༡༠༤ པ་རྗེ་བཙུན་བློ་བཟང་བསྟན་འཛིན་མཆོག་གིས་དབུས་པའི་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་དང་། ཇོ་ནང་༸རྒྱལ་ཚབ་ལ་སོགས་པའི་མཁན་སྤྲུལ་རྣམ་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་བཅས་ཚང་འཛོམས་གནང་འདུག མོན་པ་མི་མང་ཚོགས་པའི་ཚོགས་གཙོ་སྐུ་ཞབས་རྣམ་རྒྱལ་ཚེ་རིང་ལགས་ཀྱིས། ད་རེས་བཞུགས་སྒར་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུའི་སྐལ་བཟང་གི་གོ་སྐབས་བྱུང་བ་དེ་ནི་ཁོང་གི་མི་ཚེའི་ནང་འཇོན་ཐང་ཆེ་ཤོས་ཤིག་ཏུ་ངོས་འཛིན་གནང་གི་ཡོད་པ་དང་། ༸གོང་ས་མཆོག་གིས་དབུས་པའི་གཤམ་འོག་གི་ལས་བྱེད་ཡོངས་ལ་ཐུགས་རྗེ་ཞེས་འགྲེལ་བརྗོད་གནང་བྱུང་།
ཡང་མོན་ཡུལ་ནས་ཡིན་པ་ཕུར་པ་སྒྲོལ་མ་ལགས་ཀྱིས། ད་རེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཞལ་མཇལ་བྱུང་བ་དེ་ནི་ཧ་ཅང་དགའ་ཚོར་ཆེན་པོ་ཞིག་ལ་ངོས་འཛིན་གནང་གི་ཡོད་ཅིང་། ངས་རྟ་དབང་མི་མང་ཡོངས་ཀྱི་ཚབ་ཞུས་ཏེ་མགོན་པོ་གང་ཉིད་མཆོག་ལ་ཐུགས་རྗེ་ཆེ་ཞུ་འདོད་བྱུང་ཞེས་འགྲེལ་བརྗོད་གནང་བྱུང་། རྒྱལ་སྤྱིའི་ཇོ་ནང་འགྲོ་ཕན་ལྷན་ཚོགས་ཀྱི་ཚོགས་གཙོ་དགེ་བཤེས་བླ་མ་སྦྱིན་པ་བཟང་པོ་ལགས་ཀྱིས། དེ་སྔོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དཔལ་དུས་ཀྱི་འཁོར་ལོའི་ཞལ་ཐང་ཞིག་ཕུལ་རྒྱུའི་གོ་སྐབས་བྱུང་ཡོད་ཀྱང། ད་རེས་རྒྱལ་བ་ཇོ་ནང་པའི་ངོས་ནས་བརྟན་བཞུགས་བསྟར་འབུལ་གྱི་གོ་སྐབས་བྱུང་བར་ཧ་ཅང་བསོད་ནམས་ཆེ་ཞེས་འགྲེལ་བརྗོད་གནང་གི་འདུག ཡང་སིཌ་ནི་བོད་རིགས་མཐུན་ཚོགས་ནས་མིག་དམར་ཚེ་རིང་ལགས་ཀྱིས། ད་རེས་བརྟན་བཞུགས་བསྟར་འབུལ་ཉིན་གནམ་གཤིས་ཡག་པོ་ཡོད་པའི་སྟེང་མི་མང་མང་པོ་ཞིག་འཛོམས་གནང་འདུག་པས་ཐེངས་འདིའི་བརྟན་བཞུགས་ཧ་ཅང་ཡག་པོ་བྱུང་ཞེས་གསུངས་བྱུང་།
དེ་བཞིན་བལ་ཡུལ་རྣམ་རྒྱལ་མཐོ་འབྲིང་གི་དགེ་ལས་སློབ་ཟུར་གྱི་སྐུ་ཚབ་སྐལ་བཟང་དབང་ཕྱུག་ལགས་ཀྱིས། ད་རེས་བརྟན་བཞུགས་བསྟར་འབུལ་སྐབས།བལ་ཡུལ་རྣམ་རྒྱལ་མཐོ་འབྲིང་གི་སློབ་ཟུར་ཡོངས་ནས་མ་འོངས་ཧི་མ་ལ་ཡའི་རི་རྒྱུད་གཙོས་པའི་བལ་ཡུལ་ནང་ཡོད་པའི་སློབ་ཟུར་ཚོས་སླར་ཡང་མགོན་པོ་གང་ཉིད་ལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུའི་དམ་བཅའ་ཞིག་བཞག་ཡོད་ཅེས་གསུངས་བྱུང་། གཞན་ཡང་རིང་མིན་ཕྱི་ཟླ་ ༩ ཚེས་ ༡༥ དང་ ༡༦ ཉིན་གཉིས་རིང་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལྷོ་ཨེ་ཤེ་ཡའི་དད་ལྡན་ཆོས་ཞུ་བ་རྣམས་ལ་དབུ་མ་འཇུག་པ་རང་འགྲེལ་གྱི་བཀའ་ཆོས་སྩལ་གནང་མཛད་རྒྱུ་ཡིན་འདུག
གསར་འགོད་པ། ཡེ་ཤེས་ཟླ་བ།
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན།
དྲ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།