དགེ་རྒན་ཚོས་བྱམས་བརྩེ་དང་ཀུན་སློང་བཟང་པོའི་ལམ་ནས་སློབ་ཁྲིད་གནང་གལ་ཆེ། ༧གོང་ས་མཆོག་གིས།

2021.10.26
Share on WhatsApp
Share on WhatsApp
དགེ་རྒན་ཚོས་བྱམས་བརྩེ་དང་ཀུན་སློང་བཟང་པོའི་ལམ་ནས་སློབ་ཁྲིད་གནང་གལ་ཆེ། ༧གོང་ས་མཆོག་གིས། ༧གོང་ས་མཆོག་གིས་དྲ་ལམ་བརྒྱུད་བཀའ་སྩལ་གནང་བཞིན་པ། ༡༠།༢༦།༢༡
OHHDL

ཨ་མི་རི་ཀའི་ཁ་ལོ་རཱ་ཊོ་བྷོལ་ཌིར་(Colorado Boulder)་གཙུག་ལག་སློབ་ཆེན་གྱི་(Renée Crown Wellness)་རིག་གཞུང་ཚོགས་པ་དང་། བྱམས་བརྩེ་ཚོགས་པ་ནས་གསོལ་འདེབས་གོ་སྒྲིག་གནང་སྟེ། བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་ནས་སྤྱི་ཟླ་༡༠་པའི་ཚེས་༢༦་ཉིན་བཞུགས་སྒར་ཕོ་བྲང་ནས་དྲ་ལམ་བརྒྱུད། འཛམ་གླིང་ནང་སྙན་གྲགས་ཡོད་པའི་མཁས་པ་དང་། ཡང་བྱིས་གཉོར་ཁང་ནས་འཛིན་གྲྭ་བཅུ་གཉིས་བར་སློབ་གསོ་སྤྲོད་མཁན་ཁག་ཅིག་དང་ལྷན། སློབ་གྲྭའི་ནང་བྱམས་བརྩེ་དང་ཆེ་མཐོང་སྤེལ་ཐབས་ཀྱི་བརྗོད་གཞི་དང་འབྲེལ་ཏེ་བཀའ་སློབ་ཕེབས་སྐབས། ༧གོང་ས་མཆོག་གིས། ཞི་བདེ་ནི་རང་དགར་རྩ་ཆེན་དུ་ཆགས་པ་ཙམ་མིན་པར་ང་ཚོའི་མི་ཚེའི་གཞི་རྩ་ཆགས་ཀྱི་ཡོད་པས། འཛམ་གླིང་འདི་ཞི་བདེ་ལྡན་པ་ཞིག་ཡོང་རྒྱུར་ང་ཚོས་ངེས་པར་ནང་སེམས་ལ་བསམ་བློ་གཏོང་དགོས་པ་རེད། ང་ཚོའི་སེམས་ལ་ཞི་བདེ་ཡོད་ན་ཉེ་འཁྲིས་སུ་མཚོན་ཆ་ཉར་ཡོད་ཀྱང་སྐྱོན་ཆག་གང་ཡང་འབྱུང་གི་མེད། དེར་བརྟེན་གནད་འགག་ཐུག་ས་ནི་སེམས་ཀྱི་ཞི་བདེ་དང་དེའི་འབྱུང་ཁུངས་རྩ་བ་ནི་བྱམས་པ་དང་བརྩེ་བ་ཡིན་ཙ་ན། སེམས་ཀྱི་ཞི་བདེ་དང་བྱམས་བརྩེ་ནི་ཆོས་ཀྱི་བསླབ་བྱ་ཙམ་མིན་པར། འགྲོ་བ་མི་རེ་རེ་བྱམས་བརྩེ་དང་ཞི་བདེ། བདེ་སྐྱིད་ལྡན་པའི་ངང་འཚོ་གནས་ཡོང་བའི་གཞི་རྩ་དེ་ཆགས་ཀྱི་ཡོད་ཅེས་བཀའ་གནང་སོང་།
དྲི་བ་དྲིས་ལན་གྱི་སྐབས་སུ་འཛིན་གྲྭ་དང་པོའི་དགེ་རྒན་(Brittany་Rose)་ལགས་ནས། འདས་པའི་ལོ་ལ་ཏོག་དབྱིབས་ནད་ཡམས་ཀྱི་དབང་གིས་དཀའ་ངལ་མང་པོ་འཕྲད་ཡོད་ནའང་། མོ་རང་ལ་མཚོན་ན་འཛིན་གྲྭའི་ནང་དགའ་སྤྲོ་དང་ལོ་སྐྱིད་པོ་ཞིག་ཏུ་ཚོར་མོད། འཛམ་གླིང་གི་དཀའ་སྡུག་སྣང་མེད་དུ་གཏོང་འདོད་མེད་པས། འཛམ་གླིང་ལ་སྐྱིད་སྡུག་མཉམ་མྱོང་དང་ཆབས་ཅིག་སློབ་ཕྲུག་མཉམ་དུ་སྐྱིད་པོ་ཡོང་ཐབས་སུ་བཀའ་འདྲི་ཞུས་པར། ༧གོང་ས་མཆོག་གིས། སློབ་ཕྲུག་རྣམ་པ་འགྲོ་བ་མི་ཡིན་པའི་ཆ་ནས་འཛིན་གྲྭ་འཚོག་རྒྱུ་དང་ཤེས་ཡོན་སློབ་གསོ་ཙམ་མིན་པར། ཁོང་ཚོ་བྱམས་བརྩེ་ལ་རང་བཞིན་གྱིས་དགའ་མོས་ཡོད་པར་བརྟེན། བྱམས་བརྩེའི་ཚོར་བ་དང་བཅས་ཏེ་འགན་ཁུར་ཡག་པོ་བླངས་ནས་སློབ་ཁྲིད་བྱས་ན། སློབ་ཕྲུག་ཚོས་ཧ་ཅང་དགའ་མོས་གནང་གི་རེད་མ་གཏོགས་དེ་ལས་ལྡོག་སྟེ། དགེ་རྒན་ཟླ་ཕོག་ཙམ་དང་སློབ་ཕྲུག་ཁྲལ་གྱི་ཟོལ་གྱིས་འཛིན་གྲྭ་འཚོགས་ན། སློབ་ཕྲུག་ཚོ་འཛིན་གྲྭ་འཚོག་རྒྱུར་ཉོབ་སྣང་ཡོང་རྒྱུ་ཡིན་པས་ན། དགེ་སློབ་ཀྱི་བར་བྱམས་བརྩེའི་འབྲེལ་ལམ་བསྐྲུན་རྒྱུ་གལ་ཆེན་ཡིན། དགེ་རྒན་ཚོས་བྱམས་བརྩེ་དང་ཀུན་སློང་བཟང་པོའི་ལམ་ནས་སློབ་ཁྲིད་གནང་རྒྱུ་ཧ་ཅང་གལ་ཆེན་ཡིན། སེམས་བཟང་པོ་དང་བྱམས་བརྩེ་ནི་ཧ་ཅང་གལ་གནད་ཆེ་བ་བཀའ་གནང་གི་འདུག་ཅིང་། གཞན་ཡང་༧གོང་ས་མཆོག་གིས་ད་ཡོད་ཀྱི་ཤེས་ཡོན་ལམ་སྲོལ་ནང་། སེམས་པ་བཟང་པོ་ཡོང་ཐབས་ཀྱི་བརྗོད་གཞི་བཅུག་དགོས་པ་མཇུག་བསྡོམས་ཀྱི་ཚུལ་དུ། ད་ཡོད་ཀྱི་ཤེས་ཡོན་སྒྲོམ་གཞི་དེས་རྣམ་དཔྱོད་ཡར་རྒྱས་ཁོ་ན་ལ་འབད་བརྩོན་གནང་གི་ཡོད་པས། ཤེས་ཡོན་ལམ་སྲོལ་དེ་མི་ཆོས་ཀྱི་ཤེས་ཡོན་དང་འགྲོ་བ་མིའི་བདེ་སྐྱིད་ལ་དམིགས་པའི་ཤེས་ཡོན་ཞིག་ཡོང་ཐབས་སུ། ད་ཡོད་ཀྱི་ཤེས་ཡོན་ལམ་སྲོལ་དེ་སེམས་པ་བཟང་པོ་ཡོང་ཐབས་དང་ཟུང་འབྲེལ་གནང་དགོས་པ་དང་། སེམས་པ་བཟང་པོ་བྱ་རྒྱུ་ནི་ཆོས་དད་དང་འབྲེལ་བ་ཅི་ཡང་མེད་པར། སེམས་ཁམས་བདེ་ཐང་དང་ཞི་བདེ་ཁོ་ན་ཡོང་ཐབས་སུ་དམིགས་དགོས་རེད་ཅེས་བཀའ་གནང་གི་འདུག
རཱེ་ནཱེ་ཁུ་རོན་ཚོགས་པའི་ཚོགས་གཙོ་དང་གཙོ་སྐྱོང་བ་(Sona Dimidjian)་ལགས་ནས། ༧གོང་ས་མཆོག་གི་ལམ་སྟོན་ལ་བརྟེན་ནས་འཛམ་གླིང་གང་སར་མི་མང་པོར་བྱམས་བརྩེ་དང་ཤེས་ཡོན་གྱིས་ཕན་ཐོགས་རྒྱ་ཆེ་འབྱུང་བཞིན་པའི་སེམས་ཤུགས་སྤར་ཡོད་ཅིང་། ང་ཚོས་དགེ་རྒན་རྣམ་པས་བྱམས་བརྩེ་ཉམས་ལེན་གྱིས་བདེ་འཇགས་དང་ཡོངས་འདུས། དྲང་སྙོམ་གྱི་སློབ་གྲྭ་ཞིག་གི་ལས་འཆར་བསྐྲུན་ཐུབ་པར། ཚན་རིག་པ་ཁོ་ནས་ཅི་ཡང་གནང་མི་ཐུབ་པར་བསམ་ནས། མི་ལོ་ལྔ་ལྷག་གི་རིང་བྱམས་བརྩེ་ལྟེ་གནས་ཁང་དང་སློབ་གསོ་བ་བརྒྱ་ལྷག་གིས་མཉམ་ལས་གནང་ཡོད་པ་དང་། བྱམས་བརྩེ་ནི་ང་ཚོར་བློ་སྟོབས་འཕེལ་བ་དང་སྤྱི་ཚོགས་ཕན་ཚུན་འགལ་ཟླ་སེལ་ཐབས། ང་ཚོ་ཐུན་མོང་གི་འབྱུང་འགྱུར་ཆེད་ཕར་ཚུར་འབྲེལ་བ་མཐུད་ཐབས་བཅས་ལ་ཧ་ཅང་གལ་ཆེན་དུ་མཐོང་གི་ཡོད་པར། ༧གོང་ས་མཆོག་ལ་ལམ་སྟོན་ཞུ་ཡི་ཡོད་ཚུལ་སོགས་ངོ་སྤྲོད་གནང་ཡོད་པ་རེད།
རེ་ནཱི་ཀརའོནའ་བདེ་ཐང་(Renée Crown Wellness)་ནི་ཨ་མི་རི་ཀའི་ཁ་ལོ་རཱ་ཊོ་བྷོལ་ཌིར་(Colorado Boulder)་གཙུག་ལག་སློབ་ཆེན་གྱི་ཁོངས་གཏོགས་རིག་གཞུང་དང་བྱམས་བརྩེ་ཚོགས་པ་ཞིག་ཡིན་པ་རེད།

གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་ཐེངས་༥༡པ་ཚོགས་བའི་སྐབས་དང་བསྟུན། ཨ་རིའི་གཞུང་ཚབ་ཀྱིས་༸རྒྱལ་བ་རིན་པོ་ཆེའི་༸སྐུའི་ཡང་སྲིད་སྐོར་གླེང་སློང་གནང་རྒྱུ་ཡིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎