༸གོང་ས་མཆོག་གིས་རྒྱ་གར་ཨོ་དྷེ་ཤ་མངའ་སྡེའི་ནང་མེ་འཁོར་རྡབ་སྐྱོན་བྱུང་ནས་མིའི་ཚེ་སྲོག་ལ་གནོད་སྐྱོན་བྱུང་བར་ཐུགས་གསོའི་གསུང་འཕྲིན་སྩལ་འདུག

2023.06.03
༸གོང་ས་མཆོག་གིས་རྒྱ་གར་ཨོ་དྷེ་ཤ་མངའ་སྡེའི་ནང་མེ་འཁོར་རྡབ་སྐྱོན་བྱུང་ནས་མིའི་ཚེ་སྲོག་ལ་གནོད་སྐྱོན་བྱུང་བར་ཐུགས་གསོའི་གསུང་འཕྲིན་སྩལ་འདུག
སྒྲིག་བཟོ།

སྤྱི་ལོ་༢༠༢༣ལོའི་སྤྱི་ཟླ་༦ པའི་ཚེས་༢ ཉིན་རྒྱ་གར་ཨོ་རི་ས་སམ་ཨོ་དྷེ་ཤ་མངའ་སྡེའི་ནང་མེ་འཁོར་རྡབ་སྐྱོན་བྱུང་སྟེ་མི་མང་བརྒྱ་ཕྲག་མང་པོར་རྨས་སྐྱོན་ཕོག་པ་དང་༢༠༠ ལྷག་རྐྱེན་འདས་སུ་སོང་བར་རྟེན། འདི་ཚེས་༠༣ཉིན་ཀྱི་སྔ་དྲོ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨོ་དྷེ་ཤ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་Naveen Patnaik མཆོག་གི་མཚན་ཐོག་ནས་ཁུལ་འདིར་གོད་ཆག་དེའི་འོག་རྐྱེན་ལམ་དུ་ཤོར་བ་དང་རྨས་སྐྱོན་ཕོག་པ་རྣམས་ལ་ཐུགས་སྨོན་དང་ཤུལ་ལུས་ནང་མི་སྤུད་མཆེད་རྣམས་ལ་གདུང་སེམས་མཉམ་སྐྱེད་ཀྱི་ཐུགས་གསོའི་གསུང་འཕྲིན་སྩལ་བའི་ནང་། ཨོ་དྷེ་ཤ་མངའ་སྡེའི་Balasore རྫོང་ནང་། མེ་འཁོར་རྡབ་སྐྱོན་ཀྱི་གོད་ཆག་དེའི་འོག་མི་མང་དུ་མ་ཞིག་གི་ཚེ་སྲོག་ལ་གནོན་སྐྱོན་ཕོག་པའི་སྐོར་མཐོང་བྱུང་བས། ཧ་ཅང་གི་བློ་ཕམ་བྱུང་ཞེས་བཀའ་གནང་འདུག

ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས།  གོད་ཆག་དེའི་འོག་གནོན་སྐྱོན་ཕོག་པ་ཚང་མར་ཐུགས་བརྩེ་བ་ཆེན་པོས་ཐུགས་སྨོན་མཛད་བ་དང་། ངོས་ཀྱིས་ཤུལ་ལུས་ནང་མི་སྤུད་མཆེད་རྣམས་ལ་གདུང་སེམས་མཉམ་སྐྱེད་ཞུ་རྒྱུ་ཡིན་ཞེས་གསུངས་ཤིང་། དབུས་གཞུང་དང་མངའ་སྡེའི་གཞུང་གཙོས་པའི་ཚོགས་སྡེ་གཞན་ཁག་ནས་གནོན་སྐྱོན་ཕོག་པ་རྣམས་ལ་སྨན་བཅོས་མཐུན་འགྱུར་དང་། རོགས་རམ་གནང་མུས་ཡིན་པར་བསྔགས་བརྗོད་མཛད་པ་དང་ཆབ་གཅིག ཐུགས་རྗེ་ཆེ་ཞུ་འདུག་པ་མ་ཟད།  ཏཱ་ལའི་བླ་མའི་ཐེབས་རྩའི་བརྒྱུད་གོད་ཆག་ཕོག་པ་རྣམས་ལ་སྨན་བཅོས་དང་ངལ་སེལ་རོགས་སྐྱོར་ཆེད་ཞལ་འདེབས་གསོལ་སྩལ་མཛད་འདུག

 ཡང་མཐའ་མཇུག་ཏུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། མངའ་སྡེ་དེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་Naveen Patnaikམཆོག་ལ། དེ་སྔོན་མགོན་པོ་གང་ཉིད་མཆོག་ཨོ་དྷེ་ཤ་མངའ་སྡེའི་ནང་ཆིབས་བསྒྱུར་ཐེངས་མ་བསྐྱངས་ཡོད་པ་ཐུགས་དྲན་གསོ་འདུག་པ་མ་ཟད། སྤྱི་ལོ་༢༠༡༧ ལོར་སྤྱི་ཁྱབ་བློན་ཆེན་མཆོག་དང་ཐུགས་འཕྲད་བྱུང་བའི་སྐོར་གསུངས་ཏེ། ཐུགས་སྨོན་མཛད་འདུག  ཐེངས་འདིའི་མེ་འཁོར་རྡབ་སྐྱོན་གྱི་གོད་ཆག་ཁྲོད་མ་མཐའ་ཡང་མི་༢༨༠ རྐྱེན་འདས་སུ་ཕྱིན་འདུག་པ་དང་། མི་གྲངས་༩༠༠ ལྷག་ལ་གནོན་སྐྱོན་ཕོག་འདུག དེ་ཡང་Shalimar-Chennia Express ཞེས་པའི་མེ་འཁོར་དེ་དངོས་ཟོག་འོར་འདྲེན་བྱེད་མཁན་གྱི་མེ་འཁོར་ཞིག་དང་རྡུང་ཁ་ཤོར་བའི་རྗེས། ལྕགས་ལམ་གསུམ་པར་ཡོང་བཞིན་པའི་Yashwantpur-Howrah Express མེ་འཁོར་དང་རྡུང་ཁ་བརྒྱབ་ཏེ། མཐར་མེ་འཁོར་གསུམ་སྡེབ་གཅིག་ཏུ་རྡུང་ཁ་ཤོར་ཡོད་འདུག

2023-06-03T031334Z_442545019_RC2FB1AA2WQB_RTRMADP_3_INDIA-CRASH-RAIL.JPG

དེ་རིང་ཕྱི་དྲོ་རྒྱ་གར་གྱི་སྲིད་བློན་མོ་དྷི་མཆོག་རྒྱལ་ས་ལྡི་ལི་ནས་གོད་ཆག་བྱུང་ཡུལ་ས་ཁུལ་དུ་ཛ་དྲག་ངང་་ཕྱིར་ཐོན་གནང་རྒྱུ་ཡིན་འདུག་པ་དང་། མེ་འཁོར་བློན་ཆེན་སྐུ་ཞབས་Ashwini Vaishnaw ལགས་ཀྱིས། མེ་འཁོར་རྡབ་སྐྱོན་གྱི་གནས་ཚུལ་རྣམས་རྟོག་ཞིབ་སླད་ཆེས་མཐོའི་ཚོགས་ཆུང་ཞིག་གསར་འཛུགས་གནང་རྒྱུ་ཡིན་པ་བརྗོད་འདུག ཨོ་དྷེ་ཤ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གིས། ཉིན་གཅིག་རིང་ཨོ་དྷེ་ཤ་མངའ་སྡེ་ཡོངས་ཀྱིས། མུན་ནག་གི་ཉིན་མོར་ངོས་འཛིན་གྱིས། མྱ་ངན་ཞུ་རྒྱུ་ཡིན་པ་བསྒྲགས་འདུག

 གཞན་ཡང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། Twitter དྲ་ལམ་སྟེང་ བོད་མིའི་སྒྲིག་འཛུགས་དང་། གཞི་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ། གོད་ཆག་ཕོག་པའི་ཤུལ་ལུས་ནང་མི་རྣམས་ལ་གདུང་སེམས་མཉམ་སྐྱེད་ཞུ་རྒྱུ་དང་། རྨས་སྐྱོན་ཕོག་པ་རྣམས་མྱུར་དུ་དྲག་སྐྱེད་ཡོང་བའི་སྨོན་འདུན་ཞུ་འདུག 

གསར་འགོད་པ། བློ་བཟང་དགེ་ལེགས། 
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན།
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།

 

 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༧རྗེ་གུང་ཐང་སྐུ་ཕྲེང་བདུན་པ་མཆོག་གིས་མདོ་ལྷོའི་མཛོད་དགེ་རྩྭ་ཐང་དུ་དུས་འཁོར་དབང་ཆེན་ཐེངས་དང་པོ་གནང་བཞིན་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
གྲོས་ཚོགས་འགོ་བཙུགས་པ་དང་བསྟུན་རྡ་རམ་ས་ལར་མི་མང་རེ་འབོད་ཚོགས་པས་མི་མང་རང་བཞིན་གྱི་ཞུ་འབོད་ལས་འགུལ་སྤེལ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎