ཏོག་དབྱིབས་ནད་ཡམས་སོགས་འཕྲལ་གྱི་རྐྱེན་ངན་དང་འཕྲད་པའི་སྐབས་ཚང་མ་སེམས་མ་ཞུམ་པར་གནས་རྒྱུ་གལ་ཆེ། ༧གོང་ས་མཆོག་གིས།
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ཐེ་ཝན་གྱི་དད་ལྡན་མི་མང་ཚོས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན། བཞུགས་སྒར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སློབ་དཔོན་ཆོས་གྲགས་ཀྱིས་མཛད་པའི་ཚད་མ་རྣམ་འགྲེལ་གྱི་ལེའུ་གཉིས་པའི་གསུང་ཆོས་སྩལ་བཞིན་པ་དང་། འདི་ཚེས་༤གསུང་ཆོས་ཉིན་གཉིས་པའི་སྐབས། ༧གོང་ས་མཆོག་གིས་བོད་ནང་ཏོག་དབྱིབས་ནད་ཡམས་སོགས་ཛ་དྲག་གི་རྐྱེན་ངན་འཕྲད་བཞིན་པའི་སྐབས་ཐུགས་བརྩེ་ཆེན་པོས་གཞིས་བཞུགས་བོད་མི་ཚོར་ཟུར་དུ་བཀའ་སློབ་བསྩལ་སྐབས། བོད་ནང་ནད་ཡམས་ཀྱི་རྐྱེན་གྱིས་བཀག་སྡོམ་དམ་དྲག་ཤུགས་ཆེན་བྱས་ཏེ་མི་མང་ལ་དཀའ་ངལ་ཆེན་པོ་འཕྲད་ཀྱི་ཡོད་པ་བརྗོད་ཀྱི་འདུག དེ་བས་ཏོག་དབྱིབས་ནད་ཡམས་སོགས་འཕྲལ་གྱི་རྐྱེན་ངན་དང་འཕྲད་པའི་སྐབས་ཚང་མ་སེམས་མ་ཞུམ་པར་གནས་རྒྱུ་གལ་ཆེ། རྒྱ་ནག་ནང་འགྱུར་བ་འགྲོ་བཞིན་ཡོད་པས་རིམ་གྱིས་རང་རེ་གཞིས་བྱེས་མཉམ་འཛོམས་ཀྱི་སྒོ་ནས་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་སྒོམ་ཐུབ་པ་ཞིག་ཏན་ཏན་ཡོང་ངེས་པས། ཚང་མ་བློ་བདེ་པོའི་ངང་གནས་ཤོག བོད་ཀྱི་འཐབ་རྩོད་དེ་གཙོ་བོ་སངས་རྒྱས་པའི་ཆོས་དང་ཡང་འབྲེལ་བ་ཡོད། རྒྱ་ནག་གཞུང་གིས་དམ་དྲག་བྱས་མིན་ལ་མ་བལྟོས་པར་བོད་རྒྱ་ཆེ་མི་མང་གི་ལྟ་བ་དང་སྤྱོད་པ་བསྒྱུར་ཐུབ་པ་གཏན་ནས་མེད་ཅེས་དང་། བོད་གངས་ཅན་གྱི་ལྗོངས་དེ་འཕགས་པ་སྤྱན་རས་གཟིགས་ཀྱི་འདུལ་ཞིང་དུ་གྱུར་ཡོད་སྟབས་ཚང་མས་ཇོ་ཤཱཀ་རྣམ་གསུམ་ལ་སྨོན་ལམ་ལེགས་པོ་ཐོབ། ངོས་འདིར་བཙན་བྱོལ་དུ་ས་ཁད་འགྱངས་ནས་བཞུགས་ཡོད་ཀྱང་ང་ཚོར་ཐུན་མོང་མ་ཡིན་པའི་ལས་འབྲེལ་ཡོད་པས། ༧རྒྱལ་བ་རིན་པོ་ཆེ་ཏཱ་ལའི་བླ་མ་ཡང་ཡང་དྲན་པར་བྱས་ཏེ། གཙོ་བོ་བོད་ཀྱི་བདེན་པའི་མཐའ་གསལ་བར་ངེས་སྙམ་ནས་བློ་བདེ་བོར་གནས་ཤོག ངོས་ལ་མཚོན་ན་ལོ་གྱ་བདུན་ལ་སོན་ཡོད་ཀྱང་གཟུགས་པོ་བདེ་ཐང་ཡིན། སྨན་པས་བརྟག་དཔྱད་བྱས་འབྲས་ད་དུང་ལོ་བཅོ་ལྔ་ཉི་ཤུའི་རིང་གནས་ངེས་ཞེས་བརྗོད་ཀྱི་འདུག དེས་ན་བོད་རྒྱ་ཆེའི་མི་མང་རྣམས་བློ་བདེ་པོའི་ངང་བཞུགས་རོགས། ཅེས་བཀའ་གནང་སོང་།
ཡང་སྐབས་དེར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་མུ་མཐུད་དུ། ཚད་མ་རྣམ་འགྲེལ་གྱི་ལེའུ་གཉིས་པའི་གསུང་ཆོས་སྩལ་སྐབས། ནང་སེམས་ཀྱི་ཞི་བདེ་བཀྲུག་མཁན་དེ་ཆགས་སྡང་གི་བློ་དེ་ཡིན་པས། བདག་མེད་ཀྱི་བསམ་བློ་བཏང་ན། རང་བཞིན་གྱི་ཆགས་སྡང་གི་བློ་དེ་ཤུགས་ཆུང་དུ་འགྲོ་བར་ཏན་ཏན་ཕན་ཐོགས་ཡོད། ཇི་ཙམ་གྱིས་ཆགས་སྡང་གི་བློ་ཤུགས་ཆུང་དུ་ཕྱིན་པ་ཡིན་ན་དེ་བས་སེམས་ནང་ཞི་བདེ་ཡོང་གི་ཡོད། འཛམ་གླིང་ནང་རྙོག་དྲ་མང་ཆེ་བ་ཉོན་མོངས་དང་རང་གཅེས་འཛིན་གྱི་བློ་ཆེ་དྲགས་པའི་རྐྱེན་གྱིས་ཡོང་གི་ཡོད་ཅེས་བཀའ་གནང་སོང་།
ད་ཐེངས་གསུང་ཆོས་སྐབས་རྒྱལ་ཁབ་ཕྱི་ནང་ནས་དད་ལྡན་ཆོས་ཞུ་བ་སེར་སྐྱ་ཕོ་མོ་སྟོང་ཕྲག་བརྒལ་བ་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཕེབས་འདུག་ཅིང་། ཨ་མི་རི་ཀ་ནས་ཕེབས་པའི་དད་ལྡན་པ་ཝན་སྒྲིན་ལགས་ཀྱིས། དེ་སྔོན་༧གོང་ས་ཏཱ་ལའི་བླ་མའི་སྐུ་མདུན་ནས་བཀའ་ཆོས་ཐེངས་འགའ་ཞུས་མྱོང་། ད་རེས་བཀའ་ཆོས་སྐབས། རང་དང་གཞན་གྱི་འཚོ་གནས་དང་བདེ་སྐྱིད་ནི་ཕན་ཚུན་གཅིག་ལ་གཅིག་རྟེན་ཡིན་པའི་སྐོར་བཀའ་སློབ་ཕེབས་སོང་བས། སེམས་ལ་ཧ་ཅང་གི་ཟུག་པོ་བྱུང་ཟེར།
ཡང་(Mexico)་རྒྱལ་ཁབ་ནས་ཕེབས་པའི་ཆོས་ཞུ་བ་(Isabel Arias)་ལགས་ཀྱིས། དེ་སྔོན་ལོ་བཅུའི་གོང་ལ་༧གོང་ས་ཏཱ་ལའི་མ་མཆོག་(Mexico)་ལ་ཆིབས་བསྒྱུར་སྐབས་མཇལ་ཁ་ཞུ་རྒྱུའི་གོ་སྐབས་བྱུང་སོང་། ད་རེས་ལོ་བཅུའི་རྗེས་ལ་ཁོང་གི་གསེར་ཞལ་དངོས་སུ་མཇལ་བ་ཧ་ཅང་གི་ངོ་མཚར་ཆེ་ཞིང་། ལྷག་པར་དུ་༧གོང་ས་མཆོག་གི་སྦྱིན་རླབས་ལ་རྟེན་ནས་རྡ་རམ་ས་ལ་ནི་མི་རིགས་འདྲ་མིན་ལྷན་འཛོམས་བྱུང་སའི་ལྟེ་གནས་ལྟ་བུ་ཞིག་ཏུ་གྱུར་འདུག ང་ཚོའི་སྐད་རིགས་མ་འདྲ་བ་ཡིན་ནའང་། ཚང་མའི་ཐུན་མོང་གི་དམིགས་ཡུལ་ནི་བྱམས་བརྩེ་གོང་འཕེལ་གཏོང་རྒྱུ་དེ་རེད།
ད་ཐེངས་ཀྱི་གསུང་ཆོས་དེ་བཞིན་སྤྱི་ཟླ་༡༠པའི་ཚེས་༥བར་ཉིན་གྲངས་གསུམ་རིང་སྩལ་གནང་མཛད་ཀྱི་ཡོད་པ་དང་། དེ་ཡང་ཉིན་གསུམ་རིང་གི་བཀའ་ཆོས་དེ་བཞིན་རྒྱ་སྐད་དང་། ཧིན་དྷི། ཧྥི་རན་ཆི། ཇར་མན། ཝེཏ་ནམ། ཀོ་རེ་ཡ། སི་པན། ཨུ་རུ་སུའི་སྐད་སོགས་སྐད་རིགས་མི་འདྲ་བ་༡༣ཐོག་ལ་སྐད་བསྒྱུར་གནང་གི་ཡོད་འདུག
གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།