༧གོང་ས་མཆོག་གིས་ཨ་རིའི་བྷོ་སུ་ཀྲོན་ནང་མཛད་འཕྲིན་སྐྱོང་བཞིན་པ།

2014-10-31
གློག་འཕྲིན།
མཆན།
Share
པར་བཀོད།
༧གོང་ས་མཆོག་རྒྱལ་སྤྱིའི་དཔྱད་སྒོམ་གྱི་ཚོགས་འདུའི་སྐབས། ༢༠༡༤།༡༠།༣༡
༧གོང་ས་མཆོག་རྒྱལ་སྤྱིའི་དཔྱད་སྒོམ་གྱི་ཚོགས་འདུའི་སྐབས། ༢༠༡༤།༡༠།༣༡
ཨེ་ཤེ་ཡ་རང་དབང་རླུང་འཕྲིན

༧གོང་ས་མཆོག་དེ་རིང་སྔ་དྲོ་སེམས་དང་སྲོག་ཤེས་ཡོན་ལྟེ་གནས་ཁང་གིས་གོ་སྒྲིག་ཞུས་པའི་རྒྱལ་སྤྱིའི་དཔྱད་སྒོམ་གྱི་ཚོགས་འདུའི་ཐོག་ཆིབས་བསྒྱུར་བསྐྱངས་འདུག དེ་ཡང་རྒྱལ་སྤྱིའི་དཔྱད་སྒོམ་གྱི་ཚོགས་འདུའི་ཐོག་ཆིབས་བསྒྱུར་བསྐྱངས་བ་ནི་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཨ་རིའི་ཤར་ཕྱོགས་ཀྱི་གྲོང་ཁྱེར་བྷོ་སུ་ཀྲོན་ནང་གི་ཉིན་གཉིས་པའི་མང་ཚོགས་ཀྱི་མཛད་འཆར་དང་པོ་དེ་ཡིན་པ་དང་། རྒྱལ་སྤྱིའི་དཔྱད་སྒོམ་ཀྱི་ཚོགས་འདུ་འདིའི་ནང་རྒྱལ་ཁབ་སུམ་ཅུ་སོ་བདུན་ནས་ཀླད་རྩ་དང་སེམས་ཚན་རིག་པ་ལ་སོགས་གཞི་ཡུལ་མི་འདྲ་བའི་ཚན་རིག་པ་དང་། ཆོས་ལུགས་འདྲ་མིན་གྱི་ཉམས་ལེན་པ་སོགས་ཁྱོན་བསྡོམས་མི་གྲངས་༡༧༠༠ཙམ་མཉམ་ཞུགས་བྱས་འདུག འཛམ་གླིང་ནང་ཆེས་སྙན་གྲགས་ཆེ་བ་ཨ་རིའི་ཝིསི་ཀོན་སིན་མཐོ་རིམ་གཙུག་ལག་སློབ་གྲྭའི་ཀླད་རྩ་དང་སེམས་ཁམས་རིག་པའི་སློབ་དཔོན་སྐུ་ཞབས་རི་ཆརཌ་ཌེ་ཝིཌ་སོན་མཆོག་གིས་མི་ཚོགས་འདི་ལྟ་བུ་མང་པོ་འདུ་འཛོམས་བྱུང་བ་དེས་འཛམ་གླིང་ནང་ཚན་རིག་པའི་ཁྲོད་འཛམ་གླིང་བདེ་ཐབས་སླད་དོན་གཉེར་གྱི་བསམ་བློ་ཡོད་མཁན་ཇེ་མང་དུ་འགྲོ་བཞིན་པའི་མཚོན་རྟགས་གསལ་པོ་ཡིན་པ་གསུངས་ཡོད་པ་རེད། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། འདས་པའི་ལོ་རྒྱུས་ནས་ཚན་རིག་པ་གྲགས་ཅན་ཀླད་པའི་ནུས་པ་ཧ་ཅང་ཆེན་པོ་ཡོད་པ་མང་པོ་ཞིག་གིས་རང་ཉིད་ཀྱི་རྣམ་དཔྱོད་རྡུལ་ཕྲན་ལ་སོགས་པ་གཏོར་བཤིག་ངན་ཚབས་ཆེ་བའི་གོ་མཚོན་བཟོ་བསྐྲུན་གྱིས་འགྲོ་བ་མིར་འཇིགས་སྣང་དང་དངངས་སྐྲག་སྣོན་མ་བཟོ་མཁན་ལྟ་བུ་ཆགས་ཡོད་པས། དེ་ནི་ཧ་ཅང་གི་བློ་ཕམ་རང་བཞིན་ཞིག་ཡིན་པ་བཀའ་གནང་པ་དང་སྦྲགས། ད་ཆ་ཚན་རིག་པ་ཚོས་ཀྱང་འཇིག་རྟེན་གྱི་དངོས་ཡོད་གནས་སྟངས་ངོས་བཟུང་བའི་ཐོག་ནས་རང་གི་ནུས་ཤུགས་སྤྱི་ཚོགས་ཐོག་ཕན་ཐོགས་ཆེད་གཏོང་ཐུབ་རྒྱུར་འབད་བརྩོན་བྱ་དགོས་གལ་ཆེ་བའི་སྐོར་བཀའ་སློབ་ཕེབས་ཡོད་པ་རེད། སེམས་དང་སྲོག་གི་ཤེས་ཡོན་ལྟེ་གནས་ཁང་འདི་ནི་ལོ་ངོ་གསུམ་བཅུའི་སྔོན་ཙམ་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་གཞི་ཡུལ་མི་འདྲ་བའི་ཚན་རིག་པའི་དབར་འབྲེལ་ལམ་གནང་རྒྱུ་དབུ་བཙུགས་གནང་སྟེ་རིམ་པས་སྒྲིག་འཛུགས་ཀྱི་ངོ་བོར་གྱུར་བ་ཞིག་ཡིན་ཞིང་། ཚོགས་པ་དེ་བཙུགས་སྟེ་ད་བར་ལོ་ངོ་ ༢༧ ཙམ་ཟིན་གྱི་ཡོད་པ་དང་། ད་ཆ་སྒྲིག་འཛུགས་འདིའི་ཐོག་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་ལྟར་ཚན་རིག་དང་མཐུན་ཞིང་ཆོས་ལུགས་མ་འབྲེལ་བའི་ཐོག་ནས་ཡ་རབས་སྤྱོད་བཟང་གོང་འཕེལ་གཏོང་ཐབས་ཀྱི་ལས་གཞི་རྒྱ་ཆེན་པོ་ཞིག་སྤེལ་མུས་ཡིན་པ་རེད། དེ་བཞིན་དེ་རིང་ཉིན་བརྒྱབ་གྲོང་ཁྱེར་བྷོ་སི་ཀྲོན་ནང་ཆགས་པའི་MITམ་སེ་ཆུ་སེཌསི་ཆེས་མཐོའི་འཕྲུལ་རིག་ཤེས་ཡོན་ལྟེ་གནས་ཁང་གི་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཚན་གནས་རྗེས་འབྲེལ་ཏཱ་ལའི་བླ་མའི་བླང་དོར་ཚུལ་ཁྲིམས་དང་། བློ་སྦྱོང་ལྟེ་གནས་ཁང་གིས་གོ་སྒྲིག་ཞུ་རྒྱུའི་འཛམ་གླིང་བཟང་ཕྱོགས་སུ་འགྱུར་ཐབས་བྱ་མཁན་ཅེས་པའི་བགྲོ་གླེང་གི་ཚོགས་འདུའི་ཐོག་ཆེད་ཕེབས་མཛད་རྒྱུ་ཡིན་པ་རེད།

གསར་འགོད་པ་སྤྱི་ཁྱབ་རྩོམ་སྒྲིག་པ་སྐལ་ལྡན་བློ་གྲོས།

གཞན་དེ་མིན་གྱི་མཛད་འཕྲིན་ཁག་ས་གནས་ནས་སྤྱི་ཁྱབ་རྩོམ་སྒྲིག་པ་སྐལ་ལྡན་བློ་གྲོས་ཀྱིས་བཏང་བའི་གནས་ཚུལ་ལ་གསན་རོགས།

མཆན། (0)
Share
དྲ་གནས་ཆ་ཚང༌།