༧གོང་ས་མཆོག་གིས་ཨེ་ཤེ་ཡའི་དད་ལྡན་པ་ཚོར་ཆོས་འབྲེལ་གནང་བཞིན་འདུག


2017.08.29
༧གོང་ས་མཆོག་གིས་ཨེ་ཤེ་ཡའི་དད་ལྡན་པ་ཚོར་ཆོས་འབྲེལ་གནང་བཞིན་པ། ༢༠༡༧།༨།༢༩ ༧གོང་ས་མཆོག་གིས་ཨེ་ཤེ་ཡའི་དད་ལྡན་པ་ཚོར་ཆོས་འབྲེལ་གནང་བཞིན་པ། ༢༠༡༧།༨།༢༩
ཨྱོན་བསྟན་འཛིན།/RFA

འཛམ་གླིང་ཐོག་བྱམས་བརྩེ་དང་ཞི་བདེ་སྤེལ་བར་གཙོ་བོ་རང་སོ་སོའི་རྒྱུད་ལ་ཡོད་པའི་བྱམས་བརྩེའི་ས་བོན་དེ་གོང་མཐོར་གཏོང་བ་༧གོང་ས་མཆོག་གིས་གསུངས་འདུག
དེ་ཡང་འདི་ཚེས་༢༩་ཉིན་བོད་ཀྱི་དབུ་ཁྲིད་བླ་ན་མ་མཆིས་པ་སྤྱི་ནོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་བཞུགས་སྒར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཧིན་རྡི་ནེ་ཤི་ཡ་དང་། ཀོ་རུ་ཡ། མཱ་ལེ་ཤེ་ཡ། སེངྒ་པོར། ཐེ་ལན་ཌི། ཝེ་དི་ནམ་སོགས་ཨེ་ཤ་ཡའི་རྒྱལ་ཁབ་ཁག་ནས་ཕེབས་པའི་དད་ལྡན་ཆོས་ཞུ་བར་དྲུག་སྟོང་བརྒལ་བར་དབུ་མ་རྩ་བ་ཤེས་རབ་ཀྱི་འགྲེལ་བ་གསུང་ཆོས་དབུ་འཛུགས་མཛད་འདུག ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དགའ་ལྡན་ཁྲི་པ་མཁན་ཆེན་རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་གཙོས་པའི་དད་ལྡན་པ་རྣམ་པར་མཚམས་འདྲི་དང་། སྔོན་འགྲོའི་གསུངས་ཆོས་མ་བསྩལ་གོང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་ཞི་བདེའི་ཆེད་དུ་འགྲོ་བ་མིའི་གཞི་རྩའི་རིན་ཐང་གོང་འཕེལ་གཏོང་དགོས་པའི་བཀའ་སྩལ་དོན། ང་ཚོས་འཛམ་གླིང་ཐོག་བྱམས་བརྩེ་དང་ཞི་བདེ་སྤེལ་བར་གཙོ་བོ་རང་སོ་སོའི་རྒྱུད་ལ་ཡོད་པའི་བྱམས་བརྩེའི་ས་བོན་དེ་གོང་མཐོར་གཏོང་རྒྱུ་དེ་རེད། དེ་ཡང་རྒྱུ་དཔལ་འབྱོར་དང་། ཆོས་ལུགས་ཀྱི་གྲུབ་མཐའ་བརྒྱུད་ནས་མ་ཡིན་པར་དེ་ནི་རང་སོ་སོས་ཤེས་ཡོན་དང་རྣམ་དཔྱོད་བརྒྱུད་ནས་གོང་འཕེལ་གཏོང་དགོས་པ་རེད་ཅེས་གསུངས།
འཛམ་གླིང་ཞི་བདེ་སྤེལ་ཟེར་བ་གསོལ་བ་སྨོན་ལམ་གཅིག་པུ་བཏབ་པ་ལས་མ་ཡིན་པ་དེ་ཡང་གོ་རྟོགས་དང་བྱམས་བརྩེ་བརྒྱུད་ནས་ངེས་ཤེས་རྙེད་པ་ཐོག་ནས་འཛམ་གླིང་ཞི་བདེ་བསྐྲུན་དགོས་པ་ཞིག་རེད་ཅེས་གསུངས། དེ་བཞིན་ཆོས་ལུགས་གཞན་དང་མི་འདྲ་བ་ནང་ཆོས་ནང་རང་ཉིད་ཀྱི་སེམས་འདུལ་དགོས་པ་དེ་སངས་རྒྱས་ཀྱི་གདམས་ངག་གལ་ཆེན་པོ་ཞིག་ཡིན་པའི་དེ་ཡང་རང་སོ་སོའི་ཤེས་རབ་ཀྱི་རྣམ་དཔྱོད་བེད་སྤྱད་གཏང་བའི་ཐོག་ནས་བསྒྱུར་བཅོས་ཆེན་པོ་ཞིག་སླེབས་ཐུབ་པ་དེ་རེད་ཅེས་གསུངས་འདུག
ཡང་༧གོང་ས་མཆོག་གིས་རྒྱ་གར་གྱི་མཁས་པ་(Shantarakshita)་ཡིས་སངས་རྒྱས་ཀྱི་ཆོས་བོད་ལ་དར་སྤེལ་བཏང་བ་ནས་བཟུང་དཔལ་ན་ལེནྡྲ་་ཆོས་བརྒྱུད་དྲི་མ་མེད་པ་དེ་བོད་ནང་མི་ཉམ་བརྒྱུད་འཛིན་བྱེད་ཐུབ་པ་ཡོད་པ་དེ་ལྟར་བཞིན་ཐེག་དམན་ཉམས་ལེན་
མཁན་གྱི་ནང་པའི་རྒྱལ་ཁབ་གཞན་ཚོར་ལ་ང་ཚོས་འཕྱར་གྲུ་མཉམ་འདེགས་ཀྱི་ཐོག་ནས་རྒྱུད་སྤེལ་གནང་ཐུབ་པ་ཞིག་རེད་ཅེས་གསུངས་འདུག
ནང་པའི་རྒྱལ་ཁབ་ནས་གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དྲུང་ནས་གསུངས་ཆོས་ཞུ་མཁན་ལོ་རེ་ནས་ལོ་རེ་བཞིན་མང་དུ་འགྲོ་གི་ཡོད་པ་རེད་ལ་ད་ལན་ཨེ་ཤེ་ཡ་དད་ལྡན་ཚོས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་སྤྱི་ཟླ་༨་པའི་ཚེས་༢༩་ཉིན་ནས་འགོ་ཚུགས་ཀྱིས་སྤྱི་ཟླ་༩་པའི་ཚེས་༡་ཉིན་བར་ཉིན་བཞིའི་གསུངས་ཆོས་སྩལ་གནང་རྒྱུ་རེད་འདུག

གསར་འགོད་པ་རྡོ་རྗེ་དགྲ་འདུལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཧི་མ་ལ་ཡའི་ཁུལ་དུ་གནས་སྡོད་ཡུལ་མི་ཚོས་ནང་པ་སངས་རྒྱས་པའི་ཆོས་དང་རིག་གཞུང་སྲུང་སྐྱོབ་དང་བོད་ཡིག་ལ་སློབ་གཉེར་གནང་གལ་ཆེ་བ་ཡིན་ཞེས། ཨ་རུ་ནཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་ལགས་ཀྱིས་གསུངས་པ།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རིའི་སྲིད་འཛིན་གྱི་རྒྱལ་ཁ་སུ་ལ་ཐོབ་ཀྱང་བོད་དོན་ཐད་རྒྱབ་སྐྱོར་ཤུགས་ཆེན་ཡོད་པ་དེར་འགྱུར་བ་འགྲོ་རྒྱུ་མིན་པ་གསུངས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎