རང་བཙན་རྩོད་ཀྱི་མེད་པར་རྩ་ཁྲིམས་སུ་གསལ་བའི་ཐོབ་ཐང་རྩོད་ཀྱི་ཡོད། ༧གོང་ས་མཆོག་གིས།
2019.07.10
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་ནག་ལས་ཁ་བྲལ་རྩོད་ཀྱི་མེད་པར་རྒྱ་ནག་གི་རྩ་ཁྲིམས་སུ་གསལ་བའི་ཐོབ་ཐང་རྩོད་ཀྱི་ཡོད་ཅེས་བཀའ་གནང་འདུག
དེ་ཡང་དབྱིན་ཇིའི་རྒྱལ་ཁབ་ཀྱི་ (King’s wood)་སློབ་གྲྭའི་སློབ་ཕྲུག་ལོ་གཞོན་༡༩དང་། རྒྱ་གར་ཆེད་ལས་པ་མཇལ་བཅར་བ་་ཁག་ཅིག་ལ་ཕྱི་ཟླ་༧པའི་ཚེས་༡༠ཉིན། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མི་ཚོར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་གསལ་བའི་མི་རིགས་ཀྱི་ཐོབ་ཐང་ཁག་རྩོད་ལེན་གནང་པ་ལས། བོད་རྒྱ་ནག་ནས་ཁ་བྲལ་རྩོད་གནང་གི་མེད་པ་བཀའ་གནང་འདུག ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དེ་ཡང་བོད་མི་ཚོས་རྣམ་ཀུན་དབུ་མའི་ལམ་ཀྱི་ཐབས་ལམ་ཞེས་པ་དེའི་ཐོག་ནས་བོད་རྒྱའི་དཀའ་རྙོག་སེལ་ཐབས་དང་། བོད་མི་ཚོ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྒྲོམ་གཞིའི་ནང་བསྡད་པ་དང་དུས་མཚུངས་རྩ་ཁྲིམས་ནང་གསལ་བའི་ཐོབ་ཐང་ཁག་ཀྱང་ངེས་པར་ཡོད་དགོས་པ་གསུངས་འདུག
གཞན་ཡང་༧གོང་ས་མཆོག་གིས་འགྲོ་བ་མི་ཚང་མ་གཅིག་གྱུར་གྱི་འདུ་ཤེས་བརྟན་པོའི་ཐོག་ནས། དཀའ་རྙོག་ཇི་འདྲ་ཞིག་འཕྲད་ཀྱང་མཚོན་ཆ་བེད་སྤྱོད་མ་བཏང་བར་སེལ་ཐབས་ཀྱིས། རིམ་པས་འཛམ་གླིང་འདི་དམག་དཔུང་མེད་པའི་འཛམ་གླིང་ཞིག་ཏུ་འགྱུར་ཐབས་དང་། དེའི་བརྒྱུད་བྱམས་བརྩེ་ལྡན་པའི་འཛམ་གླིང་ཞིག་དང་མི་མཐུན་པའི་གནས་ཚུལ་ཁག་ཕན་ཚུན་གྲོས་མོལ་གྱིས་སེལ་ཐབས་བྱེད་པའི་དུས་རབས་ཤིག་ཡིན་པ་བཀའ་གནང་ཡོད་པ་རེད།
ཡང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དེང་དུས་ཤེས་ཡོན་གྱི་ལམ་སྲོལ་ནང་ལུས་སེམས་གཉིས་ཀའི་བདེ་ཐང་ཡོང་ཐབས་ཀྱི་ཤེས་ཡོན་ལམ་སྲོལ་ཅིག་དགོས་པ་མ་ཟད། མིའི་ནང་སེམས་ཀྱི་ཡོན་ཏན་དང་ཀླད་པའི་ཡར་རྒྱས་གཉིས་ཟུང་འབྲེལ་གྱིས་འགྲོ་ཐུབ་དགོས་པ་སོགས་ཀྱང་བཀའ་ཕེབས་ཡོད་པ་རེད།
དབྱིན་ཇིའི་སློབ་ཕྲུག་ཚོའི་འགྲུལ་བཞུད་གོ་སྒྲིག་པས་སོ་སོ་སྒེར་གྱི་ངོས་ནས་༧གོང་ས་མཆོག་གི་ཞལ་མཇལ་བཀའ་སློབ་ཐོས་རྗེས། བྱམས་བརྩེ་དང་བདེ་སྐྱིད་ལྡན་པའི་མི་ཚེ་ཞིག་སྐྱེལ་ཐབས་བྱ་རྒྱུའི་འདུན་པ་གོང་འཕེལ་བྱུང་བ་བརྗོད་ཡོད་པ་རེད།
སློབ་ཕྲུག་གཞོན་སྐྱེས་རུ་ཁག་འདི་ནི་རྒྱ་གར་ནང་རིག་གཞུང་བརྗེ་རེས་ཆེད་ཡོང་བ་ཞིག་དང་། ད་ཆ་བཞུགས་སྒར་ཉེ་མཁྲིས་འཇམ་དབྱངས་ཆོས་གླིང་དུ་རིག་གཞུང་བརྗེ་རེས་གནང་གི་ཡོད་པ་རེད།