འཚང་ག་ཤིག་ཤིག་གིས་འཛིན་བྱང་རག་ཐབས་བྱེད་བཞིན་འདུག


2017.04.26
༧གོང་ས་མཆོག་གིས་ཨ་མི་རི་ཀའི་གཙུག་ལག་སློབ་གྲྭ་ཆེན་མོར་མང་ཚོགས་ལ་གསུངས་བཤད་གནང་བཞིན་པ། ༢༠༡༦།༦།༡༣ ༧གོང་ས་མཆོག་གིས་ཨ་མི་རི་ཀའི་གཙུག་ལག་སློབ་གྲྭ་ཆེན་མོར་མང་ཚོགས་ལ་གསུངས་བཤད་གནང་བཞིན་པ། ༢༠༡༦།༦།༡༣
Lhuboom/RFA

༧གོང་ས་མཆོག་ཨ་རིའི་སེན་རྡི་ཡ་གྷོ་སློབ་ཆེན་དུ་ཕེབས་སྐབས་ཞལ་མཇལ་གསུངས་ཐོས་ཆེད་འཚང་ག་ཤིག་ཤིག་གིས་འཛིན་བྱང་རག་ཐབས་བྱེད་བཞིན་འདུག
ཨ་མི་རི་ཀའི་སེན་རྡི་ཡ་གྷོ (San Diego)མཐོ་རིམ་སློབ་གྲ་ཆེན་མོས་འདི་ལོའི་ཕྱི་ཟླ་༦ནང་གི་སློབ་ཐོན་མཛད་སྒོའི་ཐོག་གསུང་བཤད་གནང་མཁན་སྐུ་མགྲོན་གཙོ་བོར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གདན་ཞུ་གནང་ཡོད་པའི་གསལ་བསྒྲགས་གནང་བའི་རྗེས། མཐོ་སློབ་ཁང་དེའི་ལས་བྱེད་ཚོས་འཚང་ག་ཤིག་ཤིག་ཐོག་མཛད་སྒོར་མཉམ་ཞུགས་ཐུབ་ཆེད་འཛིན་བྱང་རག་ཐབས་བྱེད་བཞིན་ཡོད་ཅིང་། དེ་སྔོན་མཐོ་སློབ་ཁང་དེའི་རྒྱ་རིགས་སློབ་ཕྲུག་ཁག་ཅིག་གིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་གདན་ཞུར་ངོ་རྒོལ་ཡང་བྱས་ཡོད་པ་རེད།
ཨ་རིའི་San Diegoམཐོ་རིམ་སློབ་གྲ་ཆེན་མོའི་གཙོ་འཛིན་སྐུ་ཞབས་Pradeep Khosla ལགས་ཀྱིས། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་སློབ་ཐོན་མཛད་སྒོའི་སྐུ་མགྲོན་དུ་ཕེབས་རྒྱུར་ང་ཚོས་སྤྲོ་སེམས་ཆེན་པོའི་ཐོག་ངང་སྒུག་བྱེད་བཞིན་པ་ཡིན། ངའི་ལས་བྱེད་ཚོས་ཀྱང་མཛད་སྒོའི་ཕྱག་ཁྱེར་རག་ཐབས་སུ་རེ་སྐུལ་ཞུ་མཁན་ཧ་ཅང་མང་པོ་ཡོང་ཀྱི་འདུག་ཅེས་གསུངས་འདུག
མཐོ་སློབ་ཁང་དེའི་ནང་རྒྱ་རིགས་སློབ་ཕྲུག་འབོར་ཆེན་ཞིག་ཡོད་ཅིང་། དེའི་ཁོངས་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་རིགས་སློབ་ཕྲུག་གི་ནང་ནས་ངོ་རྒོལ་བྱས་མཁན་ཚོར་འགག་ལན་རྒྱབ་མཁན་ཡང་བྱུང་ཡོད་པ་རེད། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཕྱི་ཟླ་ ༦ ནང་གི་ཆིབས་བསྒྱུར་གྲ་སྒྲིག་གནང་མཁན། ཨ་རིའི་ནང་གི་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་དགེ་རྩའི་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་བསྟན་འཛིན་དོན་ལྡན་ལགས་ཀྱིས། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནི་ཁ་བྲལ་རིང་ལུགས་པ་ཞིག་མིན་པ་དང་། ཕྱི་ལོ་༡༩༥༠ལོའི་ནང་རྒྱ་ནག་གི་བོད་བཙན་བཟུང་བྱས་སྐབས་༧གོང་ས་མཆོག་ཧ་ཅང་སྐུ་ན་ཕྲ་བའི་བོད་ཀྱི་དབུ་ཁྲིད་ཞིག་རེད། རྒྱ་གར་དུ་སྐྱབས་བཅོལ་དུ་ཕེབས་རྗེས་བཙན་བྱོལ་གཞུང་གསར་འཛུགས་གནང་ཡོད་པ་རེད། འོན་ཀྱང་ཕྱི་ལོ་༢༠༡༡ལོའི་ཕྱི་ཟླ་༣ནས་བཟུང་༧གོང་ས་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་དོར་ནས་བོད་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཞིག་རག་ཐབས་སུ་རྒྱབ་སྐྱོར་གནང་བ་ལས་རང་བཙན་རྩོད་གནང་གི་མེད་པར་མ་ཟད།  ༧གོང་ས་མཆོག་གིས་རྒྱལ་སྤྱིའི་ནང་སྤྱི་ཁྱབ་འགན་ཁུར་དང་། བྱམས་དང་སྙིང་རྗེ་གོང་འཕེལ་གནང་སྟེ། འཇིག་རྟེན་བདེ་ཐབས་ཡོང་སླད་སྐུ་ལས་སྐྱོན་མཁན་ཞིག་ཡིན་པ་འགྲེལ་བརྗོད་གནང་འདུག
རྒྱ་རིགས་སློབ་ཕྲུག་ཚོས་ངོ་རྒོལ་གྱི་ཞུ་ཡིག་སོགས་སྤེལ་མིན་ལ་མ་བལྟོས་པར། མཐོ་སློབ་ཁང་གི་ངོས་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་གདན་ཞུའི་ཐག་གཅོད་ལ་འགྱུར་བ་གང་ཡང་ཕྱིན་མེད་པ་རེད། ཕྱི་ཟླ་ ༦ ཚེས་ ༡༦ ཉིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་མཐོ་སློབ་ཁང་དེའི་ནང་མང་ཚོགས་ལ་བཀའ་སློབ་གསུང་བཤད་གནང་རྒྱུའི་མཛད་འཆར་ཡོད་ཅིང་། མང་ཚོགས་ཀྱི་འཛིན་བྱང་ཕྱི་ཟླ་ ༥ ཚེས་ ༡ ཉིན་ཡོངས་ཁྱབ་འཚོང་བསྒྱུར་བྱ་རྒྱུ་ཡིན་འདུག   སློབ་པ་མཐར་སོན་གྱི་མཛད་སྒོའི་བཀའ་སློབ་དེ་ཕྱི་ཟླ་ ༦ ཚེས་ ༡༧ ཉིན་གནང་རྒྱུ་ཡིན་པ་རེད།

གསར་འགོད་པ་ཚེ་དབང་དངོས་གྲུབ་དང་། ལྕགས་མོ་འཚོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་ནག་གིས་བསྐོ་བཞག་བྱས་པའི་པཎ་ཆེན་བལ་ཡུལ་ནང་ཡོང་རྒྱུ་བལ་ཡུལ་གྱིས་ངོས་ལེན་བྱས་མེད་པ་བལ་ཡུལ་གྱི་གསར་ལམ་ཁག་ཅིག་གིས་གནས་ཚུལ་སྤེལ་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དགེ་བཤེས་རྭ་ཆུང་དགེ་འདུན་ལགས་བཙོན་འཇུག་གི་དུས་ཡུན་ཚང་སྟེ་གློད་གྲོལ་ཐོབ་ཡོད་ནའང་། ཁོང་བཙོན་གྲོལ་མ་ཐོབ་སྔོན་ཨ་མ་འདས་གྲོངས་སུ་གྱུར་ཏེ་མ་བུ་ཐུག་འཕྲད་ཐུབ་མེད་པ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎