༸གོང་ས་མཆོག་གིས་རྒྱ་གར་གྱི་སྲིད་བློན་མོ་དྷི་མཆོག་གི་འཁྲུངས་སྐར་ལ་འཚམས་འདྲི་སྩལ་བ།
ཕྱི་ལོ་ ༢༠༢༣ ཟླ་བ་ ༩ ཚེས་ ༡༧ ཉིན་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་སྲིད་བློན་ནཱ་རེན་དྷར་མོ་དྷི་ (Narendra Modi) མཆོག་དགུང་གྲངས་ ༧༣ ལ་ཕེབས་པའི་འཁྲུངས་སྐར་ལ་འཚམས་འདྲི་མཛད་འདུག
དེ་ཡང་འཚམས་འཕྲིན་ནང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ད་རེས་ཀྱི་གུས་སྐབས་འདི་བཟུང་ནས་སྲིད་བློན་མོ་དྷི་མཆོག་ལ་ཉེ་ལམ་རྒྱལ་ས་ལྡི་ལིར་འདི་ལོའི་སྟོབས་ཆེན་རྒྱལ་ཁབ་ཉི་ཤུའི་ལྷན་ཚོགས་དེ་ལམ་ལྷོངས་ལྡན་པ་ཞིག་བྱུང་བར་དགའ་བསུའི་འཚམས་འདྲི་མཛད་པ་དང་ལྷག་པར་དུ་འདི་ལོའི་ལྷན་ཚོགས་ཀྱི་གླེང་གཞི་གཙོ་བོ་ (Vasudhaiv Kutambakam) འམ་གོ་ལ་གཅིག། ཁྱིམ་ཚང་གཅིག མ་འོངས་མདུན་ལམ་གཅིག་ཅེས་པའི་གླེང་གཞི་དེ་མགོན་པོ་༸གང་ཉིད་མཆོག་གི་དགོངས་གཞི་དང་རན་པོ་ཡོད་པ་དང་། མགོན་པོ་མཆོག་ཀྱང་འགྲོ་བ་མི་གཅིག་འགྱུར་གྱི་འདུས་ཤེས་ཐོག་དགོངས་པ་བརྟན་པོར་འཛིན་མཁན་ཞིག་དང་གཞན་ལའང་གང་ཐུབ་ཀྱིས་དེའི་གལ་གནད་ལ་བརྩི་མཐོང་བྱ་རྒྱུར་བློ་སྟོབས་སྤེལ་གནང་བཞིན་ཡོད་ཅེས་བཀའ་སྩལ་འདུག
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྩལ་བའི་གསུང་འཕྲིན་ནང་ད་དུང་། མགོན་པོ་༸གང་ཉིད་མཆོག་རྒྱ་གར་ནང་༸སྐུ་བཞུགས་མཛད་པའི་སྐུ་མགྲོན་ཡུན་རིང་ཤོས་ཡིན་པའི་ཆ་ནས་ད་ཆ་རྒྱ་གར་རྒྱལ་ཁབ་ཀྱི་གནས་བབས་དང་ཆེ་མཐོང་རྒྱལ་སྤྱིའི་ཐོག་འབུར་དུ་འཐོན་བཞིན་པ་དེ་ཡང་ཉེ་ལམ་རྒྱ་གར་ནང་ཚོགས་པའི་ (G-20) ལྷན་ཚོགས་འམ་སྟོབས་ཆེན་རྒྱལ་ཁབ་ཉི་ཤུའི་ལྷན་ཚོགས་ནས་དངོས་སུ་མཐོང་ཐུབ་པར་མགོན་པོ་༸གང་ཉིད་མཆོག་ཐུགས་འཚིམ་པོ་དང་ཐུགས་དགྱེས་ཚོར་ཆེན་པོ་བྱུང་ཡོད་པར་བཀའ་སྩལ་འདུག
དེ་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་འཚེ་མེད་ཞི་བ་དང་བྱམས་སྙིང་རྗེའི་ལྟ་གྲུབ། དེ་བཞིན་ལོ་ངོ་ ༡༠༠༠ ལྷག་གི་རིག་གཞུང་ཞིག་དང་རྒྱ་གར་ནི་འཛམ་གླིང་ནང་གི་མང་གཙོའི་ལམ་ལུགས་ལྡན་པའི་མི་འབོར་ཆེ་ཤོས་ཀྱི་རྒྱལ་ཁབ་ཅིག་ཡིན་པ་དང་། ཆོས་ལུགས་འདྲ་མིན་མང་པོ་བརྟན་ལྷིང་དང་འཆམ་མཐུན་མཉམ་གནས་ཐུབ་རྒྱུ་ཡོད་པའི་དཔེ་མཚོན་གྱི་རྒྱལ་ཁབ་གཅིག་དང་ལྷག་དོན་རྒྱ་གར་རྒྱལ་ཁབ་དེ་ཉིད་ཚན་རིག་དང་འཕྲུལ་རིགས་ཐོག་ཡར་རྒྱས་འགྲོ་བཞིན་པ་ལ་ཡི་རངས་བསྔགས་བརྗོད་མཛད་ཀྱི་ཡོད་ཅེས་དང་། བོད་མི་ཡོངས་ཀྱི་ཚབ་མཛད་དེ་རྒྱ་གར་གཞུང་མང་ཉིས་ནས་འདས་པའི་མི་ལོ་ ༦༤ རིང་བོད་མི་རྣམས་ལ་མཐུན་འགྱུར་རོགས་རམ་རྒྱ་ཆེར་གནང་བ་བཅས་ལ་བཀའ་དྲིན་ཆེ་ཞེས་བཀའ་སྩལ་འདུག
མགོན་པོ་མཆོག་གིས་འཚམས་འཕྲིན་གྱི་མཐའ་མཇུག་ཏུ། སྲིད་བློན་མོ་དྷི་མཆོག་སྔར་བཞིན་གཟུགས་གཞི་བདེ་ཐང་དང་ནད་མེད་ཚེ་རིང་དང་། རྒྱ་གར་མི་མང་གི་རེ་བ་དང་མངོན་འདོད་ལེགས་གྲུབ་དང་འཛམ་གླིང་འདི་ཉིད་ཞི་བདེ་དང་བྱམས་བརྩེ་ལྡན་པ་ཞིག་བསྐྲུན་ཐབས་སུ་འཐུན་འགྱུར་གནང་ཐུབ་པའི་ཐུགས་སྨོན་མཚམས་སྦྱོར་བཅས་མཛད་ཡོད་པ་རེད།
གསར་འགོད་པ། པ་སངས་ཚེ་རིང་།
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན།
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།