རྒྱ་ནག་གཞུང་གིས་བྲག་མགོ་རྫོང་དུ་ཆོས་དད་རང་དབང་རྡོག་རོལ་དང་དྲག་གནོན་བྱས་བའི་དཔང་རྟགས་སྙན་ཐོའི་ཐད་བགྲོ་གླེང་།
མདོ་ཁམས་དཀར་མཛེས་བོད་རིགས་རང་སྐྱོང་ས་ཁུལ་གྱི་བྲག་མགོ་རྫོང་དུ། སྤྱི་ལོ་༢༠༢༡ལོའི་སྤྱི་ཟླ་༡༠པའི་ཟླ་མཇུག་ནས་བཟུང་། རྒྱ་ནག་དམར་ཤོག་གི་མགོ་ཁྲིད་ཝང་ཏུང་ཧྲིན་ཟེར་བ་སླེབས་ཏེ། ཐུབ་དབང་གི་འདྲ་སྐུ་དང་རྗེ་བཙུན་བྱམས་མགོན་གྱི་སྐུ་བརྙན། གུ་རུའི་འདྲ་སྐུ་བཅས་སྐུ་བརྙན་ཆེན་པོ་གསུམ་རྩ་གཏོར་བཏང་བ་མ་ཟད། མ་ཎི་དུང་འཁོར་༤༥རྩ་གཏོར་དང་། ནང་བསྟན་སློབ་གྲྭ་སྒོ་རྒྱབ་པ། དེ་འབྲེལ་བོད་མི་མང་པོ་བཀག་ཉར་བྱས་པ་དང་། ལྷག་པར་ཁོང་ཚོ་བཀག་ཉར་གྱིས་བཙན་དབང་སྒོས་སློབ་གསོ་སྤེལ་ས་སོགས་གསལ་བོ་འཁོད་པའི་ཆོས་ལུགས་ཐོག་གཏོར་རྒོལ་ཛ་དྲག་གི་སྙན་ཐོ་ཞིག དབྱིན་ཡུལ་ནང་གི་བོད་གནས་ལྟ་ཞིབ་དང་བོད་རང་དབང་ཚོགས་པ་མཉམ་རུབ་ཀྱིས་བཏོན་ཏེ། བདུན་ཕྲག་སྔོན་མར་དབྱིན་ཇིའི་གྲོས་ཚོགས་ཀྱི་ཚོགས་ཁང་ཞིག་ཏུ་གྲོས་ཚོགས་འཐུས་མི་(Navendu Mishra)་ལགས་ནས་དབུ་འབྱེད་གནང་ཡོད་པར་བརྟེན། བོད་རང་དབང་ཚོགས་པ་དང་བོད་གནས་ལྟ་ཞིབ་ཀྱི་འགན་འཛིན་(Sam Walton)་ལགས་ནས། བྲག་མགོ་རྫོང་དུ་རྒྱ་ནག་གཞུང་གིས་ཆོས་དད་རང་དབང་རྡོག་རོལ་བཏང་བ་དང་དྲག་གནོན་བྱས་བའི་དཔང་རྟགས་སྙན་ཐོ་བཏོན་པར་བརྟེན། རིམ་པས་རྒྱ་ནག་གི་ཐོག་དབྱིན་ཇིའི་གཞུང་གིས་ལངས་ཕྱོགས་མཁྲེགས་པོ་འཛིན་སྲིད་པ་རེད། སྙན་ཐོ་དེ་དབུ་འབྱེད་གནང་སྐབས། དབྱིན་ཇིའི་གྲོས་ཚོགས་འཐུས་མི་དང་། སྲིད་བློན་གྱི་ཆོས་དད་རང་དབང་ཐོག་གི་དམིགས་བསལ་སྐུ་ཚབ་(Fiona Bruce)་ལགས་ཆེད་ཕེབས་གནང་སྟེ། མོ་རང་སྔ་མོ་ནས་རྒྱ་ནག་གཞུང་གིས་ནང་པ་ཙམ་མ་ཟད། ཡུ་གུར་གྱི་ཁ་ཆེ་དང་ཡེ་ཤུ་སོགས་ལ་དྲག་གནོན་བྱེད་བཞིན་པའི་དོགས་གཞི་ཆེན་པོ་ཡོད་པའི་མུར། ད་ལྟ་མོ་རང་ལ་དཔང་རྟགས་གསལ་བོ་ཡོད་པའི་སྙན་ཐོ་འདི་རག་པར་ཡི་རང་ཆེན་པོ་གནང་སོང་བ་དང་མཚུངས། དབྱིན་ཇིའི་གཞུང་གི་ཕྱི་རྒྱལ་དང་དབྱིན་ཡུལ་གྱི་མངའ་ཁོངས་ཆགས་མྱོང་བའི་རྒྱལ་ཁབ་མཉམ་འབྲེལ་ལས་ཁུངས་ནས་ཀྱང་དོ་གལ་ཆེན་པོ་གནང་སོང་བས། ང་ཚོས་དབྱིན་ཇིའི་གཞུང་ནས་རྒྱ་ནག་དམར་པོས་བོད་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པར། རིམ་པས་ལངས་ཕྱོགས་མཁྲེགས་པོ་ཞིག་འཛིན་སྲིད་པ་མཐོང་གི་ཡོད་ཅེས་འགྲེལ་བརྗོད་གནང་གི་འདུག
སྙན་ཐོ་དེར་བོད་གནས་ལྟ་ཞིབ་ཁང་གིས་སྤྱི་ཟླ་༢པའི་ཚེས་༩ཉིན། བཞུགས་སྒར་དུ་བོད་སྐད་ནང་ངོ་སྤྲོད་ལྷན་ཚོགས་དང་བགྲོ་གླེང་གནང་སྐབས། རྡ་རམ་ས་ལའི་བོད་གནས་ལྟ་ཞིབ་ཀྱི་འགན་འཛིན་དབང་ལྡན་སྐྱབས་ལགས་ནས། ཁོང་ཚོའི་སྙན་ཐོའི་རྒྱུ་ཆ་ནི་འཁོར་སྐར་ལས་བླངས་པའི་པར་དང་རྒྱ་ནག་གཞུང་གི་ཡིག་ཆ་ཁག ས་གནས་མང་ཚོགས་ཀྱི་ས་ནས་རྒྱུས་ལོན་སོགས་བྱས་ཏེ་བསྒྲིགས་པ་འགྲེལ་བརྗོད་གནང་སོང་།
ཡང་ཧྥ་རན་སིའི་ནང་གི་བོད་གནས་ལྟ་ཞིབ་ཀྱི་ཉམས་ཞིབ་པ་བསྟན་འཛིན་ཆོས་སྐྱིད་ལགས་ནས། དབྱིན་ཇིའི་ཆོས་དད་རང་དབང་གི་དམིགས་བསལ་སྐུ་ཚབ་ཀྱིས་དེའི་སྐོར་སྐད་ཆ་བཤད་རྒྱུའི་དུས་སུ་བབས་ཡོད་ཅེས་གསུང་པ་བཞིན། བྲག་མགོ་བརྒྱུད་ནས་བོད་ས་ཡོངས་ལ་དྲག་གནོན་གྱི་གནས་ཚུལ་ཐོག ཆབ་སྲིད་པ་དང་དབང་ཆ་ཅན་ཚོས་དོ་སྣང་དྲི་བ་འདོན་རྒྱུའི་རེ་བ་ཡོད་ཅེས་འགྲེལ་བརྗོད་གནང་གི་འདུག
རྒྱ་གར་ནང་གནས་བཞུགས་བྲག་མགོ་ས་གནས་ནས་ཡིན་པ་བྷོ་ཊའི་འོད་སྣང་ལགས་ནས། བྲག་མགོ་རྫོང་དུ་དཔེར་ན། ཆབ་སྲིད་བཙོན་ཟུར་བསྟན་འཛིན་དཔལ་བཟང་ལགས་སྤྱི་ལོ་༢༠༢༢་སྤྱི་ཟླ་༡༠པའི་ནང་དགོངས་རྫོགས་ཀྱིས་སྐུ་ཕུང་ཞུགས་འབུལ་སྐབས། མི་སེར་དཀྱུས་མའི་གྱོན་ཆས་གོན་པའི་ཉེན་རྟོག་པ་ཧ་ཅང་མང་པོ་བཀྲམས་ཡོད་པ་མ་ཟད། བོད་མི་གཅིག་གིས་སྐུ་ཕུང་ཞུགས་འབུལ་བྱས་པ་དེ་པར་བརྒྱབས་པ་ཙམ་གྱིས་ཀྱང་། བོད་མི་དེར་ཉེས་རྡུང་ཚབས་ཆེན་ཕོག་པས་མཚོན། སྐད་འཕྲིན་གྱི་ལམ་ནས་དོགས་གཞི་ཅུང་ཟད་རེ་བྱུང་བ་ལའང་འཕྲལ་དུ་ལྟ་རྟོག་བྱས་ཡོང་གི་འདུག་ཅེས་འགྲེལ་བརྗོད་གནང་སོང་།
བྲག་མགོ་རྫོང་དུ་སྤྱི་ལོ་༢༠༠༨ལོ་ནས་རྒྱ་ནག་གཞུང་གིས་དྲག་གནོན་ཚབས་ཆེན་གྱིས། བོད་མི་གང་བྱུང་འཛིན་བཟུང་དང་མེ་མདའ་བརྒྱབ་ནས་དམར་གསོད་བཏང་བ། སྐུ་བརྙན་གཏོར་བཤིག་དང་སློབ་གྲྭ་སྒོ་བརྒྱབ་པ་སོགས་བྱུང་ཡོད་པ་མ་ཟད། ད་ལྟའི་གནས་སྐབས་སུའང་དགོན་སྡེ་ཁག་ཏུ་གྲྭ་བ་ལྔ་རེའི་བར་རྒྱ་ནག་གི་ལས་བྱེད་པ་རེ་བཞག་སྟེ། དགེ་འདུན་པ་ཚོའི་འགྲོ་འདུག་ལ་ལྟ་རྟོག་ཤུགས་ཆེ་བྱེད་བཞིན་པ་རེད།
གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།