ཚ་དྲོད་འཕེལ་བའི་དཀའ་སྡུག་སེལ་རྒྱུར་རྒྱ་ནག་ལ་འབོད་སྐུལ།

ཡོ་རོབ་སྤྱི་མཐུན་གྱིས་འཛམ་གླིང་གི་ཚ་དྲོད་ཀྱི་དཀའ་སྡུག་སེལ་རྒྱུའི་ཐོག་རྒྱ་ནག་གཞུང་གིས་འགོ་འཁྲིད་ཀྱི་འགན་འཁུར་གནང་དགོས་པའི་སྐུལ་མ།

2009-11-30
Share

༄༅།།ཡོ་རོབ་སྤྱི་མཐུན་གྱིས་འཛམ་གླིང་གི་ཚ་དྲོད་ཀྱི་དཀའ་སྡུག་སེལ་རྒྱུའི་ཐོག་རྒྱ་ནག་གཞུང་གིས་འགོ་འཁྲིད་ཀྱི་འགན་འཁུར་གནང་དགོས་པའི་འབོད་བསྐུལ་གནང་ཡོད་པ་རེད་ རེས་གཟའ་ཟླ་བ་ཉིན་ཡོ་རོབ་སྤྱི་མཐུན་གྱི་རེ་མོས་ཚོགས་གཙོ་སུའི་གྲན་ཡུལ་གྱི་སྲིད་བློན་ཕེ་རེ་ཌིཀ་རའེ་ཕེལ་ཊི་མཆོག་གིས་རྒྱ་ནག་གི་གྲོང་ཁྱེར་ནན་ཅིང་ནང་འགྲོ་བ་མིའི་གནམ་གཤིས་འགྱུར་ལྡོག་གི་དཀའ་སྡུག་དེ་རྒྱ་ནག་གིས་འགོ་འཁྲིད་དང་འགན་འཁུར་མ་གནང་བར་དཀའ་སྡུག་སེལ་ཐུབ་ཐབས་ཡོད་པ་མ་རེད་ཅེས་གསུང་འདུག གོང་ཞུས་ཀྱི་བཀའ་མོལ་དེ་ཁོང་དང་རྒྱ་ནག་གི་སྲིད་བློན་ལྦན་ཇའ་པའོ་རྣམ་གཉིས་ཀྱིས་ཡོ་རོབ་སྤྱི་མཐུན་དང་རྒྱ་ནག་གི་དབུ་འཁྲིད་རྣམ་པའི་ལྷན་ཚོགས་དེ་མཇུག་བསྒྲིལ་གྱི་གསར་འགོད་ལྷན་ཚོགས་ཐོག་གསུང་ཞིང་སྲིད་བློན་རའེན་ཕེལ་ཊི་མཆོག་གིས་ད་བར་འཛམ་གླིང་གི་དབུ་འཁྲིད་རྣམས་ཀྱིས་གནམ་གཤིས་འགྱུར་ལྡོག་གི་དཀའ་སྡུག་སེལ་རྒྱུའི་ཐོག་གི་ལས་འཆར་དེ་གདེང་ངེས་ཤིག་བྱུང་མེད་སྐོར་གསུང་འདུག ཁོང་གིས་ཉེ་ལམ་རྒྱ་ནག་གིས་མཁའ་རླུང་ནང་གཏོང་བའི་དུག་རྫས་དེ་ཉུང་དུ་གཏོང་རྒྱུའི་འཆར་གཞི་བཏོན་གནང་བ་དེ་ངོས་ལེན་གནང་ཡང་དེས་དོན་ཕན་ལྡན་པའི་འཆར་གཞི་ཞིག་ཆགས་མེད་སྐོར་གསུང་འདུག དེ་བཞིན་ཡོ་རོབ་སྤྱི་མཐུན་གྱི་ཚོགས་གཙོ་ཧོ་སེ་མ་ནུ་ལྦེལ་སྦ་རོ་སོ་མཆོག་གིས་རེས་གཟའ་ཉི་མ་ཉིན་རྒྱ་ནག་གི་ངོས་ནས་མཁའ་དབྱིང་ལ་དུག་རྫས་གཏོང་རྒྱུའི་ཚད་དེ་ཉུང་དུ་གཏོང་དགོས་པའི་འབོད་བསྐུལ་གནང་བར་རྒྱ་ནག་གི་སྲིད་བློན་ལྦན་ཡིས་དེ་ལས་ལྡོག་ཏེ་རྒྱ་ནག་གིས་འཛམ་གླིང་གནམ་གཤིས་འགྱུར་ལྡོག་གི་དཀའ་སྡུག་ཐོག་ཞབས་འདེགས་ཆེན་པོ་ཞུས་ཡོད་སྐོར་གསུང་འདུག              དེ་ཡང་སྲིད་བློན་ལྦན་ཡིས་རྒྱ་ནག་གིས་ཀོ་པེན་ཧ་གེན་གྱི་ལྷན་ཚོགས་དེ་གལ་གནད་ཆེན་པོར་ངོས་འཛིན་བྱེད་ཀྱི་ཡོད་ རྒྱ་ནག་ངོས་ནས་ལྷན་ཚོགས་དེ་ལམ་ཕྱོགས་མ་ནོར་བར་འཁྲིད་རྒྱུའི་འདོད་པ་ཡོད་ཅེས་གསུང་འདུག རྒྱ་ནག་ནི་འཛམ་གླིང་ནང་མཁའ་དབྱིང་ནང་དུག་རྫས་ཁའར་སྦོན་ཞེས་པའི་དུག་རླུང་དེ་གཏོང་མཁན་རྒྱལ་ཁབ་ཆེ་ཤོས་དེ་ཡིན་པ་དང་མདུན་སྔོན་མ་དེར་ཡུལ་དེས་དུག་རླུང་གཏོང་ཚད་དེ་ཉུང་དུ་གཏོང་རྒྱུའི་ཁས་ལེན་དེ་གདེང་ངེས་ཅིག་གཏན་ནས་ཆགས་ཀྱི་མེད་པའི་གནས་ཚུལ་ཐོན་འདུག

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།